རྒྱ་གཞུང་གི་བཤད་སྟངས་ལྟར་ན། རྒྱ་ནག་དེ་ད་དུང་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་ཡོད་པ་དང༌། རྒྱ་ནག་ནི་གུང་ཁྲན་རིང་ལུགས་སམ་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་ཡོངས་གྲགས་ཀྱིས་ངོས་འཛིན་བཞིན་ཡོད། ཏིན་ཞའོ་ཕིན་གྱི་གཞུང་ལུགས་ལྟར་ན། མི་སྐོར་ཞིག་སྔོན་ལ་ཕྱུག་པོ་ཆགས་ཆོག་ཀྱང་། སྤྱི་ལ་དབང་བའི་ལམ་ལུགས་གཙོ་བོར་འཛིན་པའི་གནས་བབ་ལ་འགྱུར་བ་བཏང་མི་ཆོག་པ་དང་། དེ་མཚུངས་སུ་ཐོག་མཐའ་བར་གསུམ་དུ་རྒྱ་ནག་དམར་ཤོག་ཚོགས་པས་ཡོད་ཚད་ལ་མགོ་ཁྲིད་བྱེད་དགོས་པའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས། མི་དམངས་དམངས་གཙོ་སྲིད་དབང་སྒེར་འཛིན་ཞེས་སྒྲོག་པའི་གོ་དོན་ནི། འབྱོར་མེད་གྲལ་རིམ་ནང་ཁུལ་དུ་དམངས་གཙོ་དང་། གྲལ་རིམ་དེའི་ཕྱི་ལོགས་སུ་སྲིད་དབང་སྒེར་འཛིན་བྱེད་དགོས། དམར་ཤོག་ཚོགས་པས་སྲིད་དབང་སྒེར་འཛིན་གྱི་ཆ་རྐྱེན་འོག རྩ་ཁྲིམས་དང་ཁྲིམས་ཡིག་ཁག་ཏུ་འགན་དབང་དྲི་བ་དྲིས་ལན་དང་། བཏང་འཛིན་བྱེད་སྟངས། འོས་བསྡུའི་ལམ་ལུགས་སོགས་གསལ་ཡོད་ཀྱང་། དེ་དག་ཐམས་ཅད་རྒྱ་ནག་དམར་ཤོག་ཚོགས་པའི་བཀོད་ཇུས་དང་ཤུགས་རྐྱེན་འོག་ཏུ་གནས་ཡོད་སྟབས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དེ་སྲིད་དབང་སྒེར་སྡོམ་གྱི་སྲིད་གཞུང་གྲས་སུ་འཇོག་གི་ཡོད།
ཀ༽ ཆབ་སྲིད་ལམ་ལུགས།
རྒྱ་ནག་གི་རྩ་ཁྲིམས་སུ་རྒྱ་ནག་ནི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ཡིན་ཞེས་བཀོད་ཡོད། ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་རང་རྒྱལ་གྱི་དབང་ཆ་ཡོངས་སུ་རྫོགས་པ་མི་དམངས་ལ་དབང་བ་དང་། མི་དམངས་ཀྱིས་ཡོངས་ཁྱབ་འོས་བསྡུའི་རྨང་གཞིའི་སྟེང་འཐུས་མི་འདེམས་གཏོང་གིས། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་།
ས་གནས་ཀྱི་རིམ་པ་སོ་སོའི་མི་དམངས་འཐུས་མི་ཚོགས་ཆེན་ཁག་རྒྱལ་ཁབ་ཀྱི་དབང་ཆ་ཁྱབ་བསྒྱུར་བྱེད་མཁན་སྡེ་ཁག་ཏུ་འགྲུབ་པར་བྱེད་དགོས། རྒྱལ་ཁབ་ཀྱི་ལས་ཁུངས་གཞན་དག་ནི་མི་དམངས་འཐུས་མི་ཚོགས་ཆེན་ནས་འོས་བསྡུ་བརྒྱུད་ཡོང་དགོས་པ་དང༌། མི་དམངས་འཐུས་མི་ཚོགས་ཆེན་གྱིས་ལྟ་སྐུལ་བྱེད་དགོས་པ་དང༌། མི་དམངས་འཐུས་མི་ཚོགས་ཆེན་ལ་འགན་ཁུར་དགོས། དམངས་འཐུས་རྒྱུན་ལས་རྒྱན་ལས་ལྷན་ཚོགས་ཀྱིས་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་ལ་འགན་ཁུར་དགོས་པ་དང༌། མི་དམངས་འཐུས་མི་ཚོགས་ཆེན་གྱིས་མི་དམངས་ལ་འགན་ཁུར་དགོས་”ཞེས་གསལ་ཡོད་ནའང་། དོན་དངོས་ཐོག་སྡེ་ཁག་གམ་ས་གནས་ཉུང་ཤོས་ཤིག་ཏུ་འོས་བསྡུ་བྱེད་པ་ཕུད། དམངས་འཐུས་ཀྱི་འཐུས་མི་རྣམས་གུང་ཁྲན་ཏང་གི་མོས་མཐུན་དང་དམིགས་འཛུགས་འོག་འདེམས་བསྐོ་བྱེད་བཞིན་ཡོད།
ཏིན་ཞའོ་ཕིན་གྱི་དུས་སྐབས་སུ། ཁྲོམ་རའི་དཔལ་འབྱོར་ལམ་ལུགས་ཁག་ཅིག་ལག་བསྟར་བྱས་པ་དང་མཉམ་དུ། གཞུང་ལུགས་སྟེང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་། མཐར་ཐུག་གུང་ཁྲན་རིང་ལུགས་སུ་བསྐྱོད་རྒྱུའི་ཕུགས་དམིགས་ལ་འགྱུར་བ་གང་ཡང་ཕྱིན་མེད། སྤྱི་ལ་དབང་བའི་ལམ་ལུགས་གཙོ་བོར་འཛིན་པའི་སྲིད་ཇུས་ནང་། རྒྱལ་གཉེར་ཁེ་ལས་དང་། ཐུན་མོང་ཁེ་ལས་ཕུད་པའི་སྒེར་གཉེར་ཁེ་ལས་དང་། ཕྱི་རྒྱལ་གྱིས་མ་རྩ་བཙུགས་པའི་ཁེ་ལས་རྣམས་བཤུ་གཞོག་གི་ཆ་ཤས་ལྡན་པར་ངོས་འཛིན་བྱེད་བཞིན་ཡོད ནའང་། དེ་དག་ལ་ཁྲིམས་ལུགས་ཀྱི་སྲུང་སྐྱོབ་ཐོབ་ཀྱི་ཡོད། དེ་བས་རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་དེ་རྒྱལ་ཁབ་ཀྱིས་སྒེར་སྡོམ་དང་། ཁྲོམ་རའི་ཁྱད་ཆོས་གཉིས་འཛོམས་ཀྱི་ལམ་ལུགས་ཤིག་ཏུ་གྲུབ་ཡོད། ཆབ་སྲིད་ལམ་ལུགས་ཐད། རྩ་བའི་རྩ་དོན་བཞི་རྒྱུན་འཁྱོངས ན་བྱེད་པས། རྒྱ་ནག་དམར་ཤོག་ཚོགས་པ་དེ་མི་དམངས་ཀྱི་ཉིན་རྒྱུན་འཚོ་བའི་ཁྲོད་དུའང་གལ་ཆེའི་གནས་བབ་བཟུང་ཡོད།
རྒྱ་གཞུང་གིས་དངོས་པོའི་དཔལ་ཡོན་དང་བསམ་བློའི་དཔལ་ཡོན་གཉིས་འཛུགས་སྐྲུན་བྱེད་དགོས་པའི་སྐུལ་སློང་བྱེད་པ་དང་མཉམ་དུ། ཉེ་ཆར་ཆབ་སྲིད་དཔལ་ཡོན་ཞེས་པ་ཁ་སྣོན་བྱས་ཡོད། འོན་ཀྱང་དེས་དེང་སང་ཡོངས་གྲགས་སུ་ཁས་ལེན་པའི་ཆབ་སྲིད་དཔལ་ཡོན་དེ་ཁས་ལེན་བྱེད་པ་མ་ཡིན་པར། ནུབ་ཡོ་རོབ་དང་བྱང་ཨ་རིའི་“ཚོགས་པ་གཅིག་གིས་དབང་ཆ་འཛིན་”པའི་ལམ་ལུགས་དེར་བསྟོད་སྒྲོག་བྱེད་པ་ཡིན་ཚུལ་གྱི་སྐྱོན་རྗོད་བྱེད་མཁན་མང༌།
རྒྱ་ནག་གི་སྲིད་དབང་གྲུབ་སྟངས་ནི་“ཏང་སྲིད་དམག་གསུམ་དང༌། ་ལས་ཁུངས་ཆེན་པོ་བཞི་ཟེར་སྲོལ་ཡོད་ལ།གུང་ཁྲན་ཏང་དང་། སྲིད་གཞུང་། དམག་བཅས་ཀྱི་སྒྲིག་འཛུགས་ལ་ཏང་སྲིད་དམག་གསུམ་དང༌། ཏང་ཨུ་དང་། དམངས་འཐུས། སྲིད་གཞུང༌། སྲིད་གྲོས་བཅས་ལ་ལས་ཁུངས་ཆེན་པོ་བཞི་ཟེར་གྱི་ཡོད།
རྒྱ་ནག་གི་ཏང་གི་སྒྲིག་འཛུགས་དང་སྲིད་གཞུང་སྡེ་ཁག་དབར་ས་མཚམས་གསལ་པོ་མེད། ཏང་ཨུའི་ཧྲུའུ་ཅི་ཡིན་ན་རིམ་པ་དེ་གའི་སྲིད་གཞུང་གི་འགན་འཛིན་ལས་གནས་རིམ་ཕྱེད་ཀའི་མཐོ་བ་ཡོད་ལ། དོན་གནད་གལ་ཆེའི་རིགས་མཐའ་མའི་ཐག་གཅོད་ཀྱི་དབང་ཚད་ཏང་ཨུའི་ཧྲུའུ་ཅི་ལ་ཡོད་པ་དང་། སྲིད་གཞུང་གི་འགན་འཛིན་ནི་སྲིད་ཇུས་ལག་བསྟར་བྱེད་མཁན་ཙམ་ཡིན། ཞིང་ཆེན་ཞིག་གི་ཧྲིན་ཀྲང་དེ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཡིན་ལ། ཧྲིན་ཀྲང་ནས་ཧྲུའུ་ཅིར་བསྐོས་ཚེ་གནས་རིམ་འཕར་བར་ངོས་འཛིན་བྱེད། དེ་མཚུངས་སུ་ས་ཁུལ་དང་རྫོང་བར་བྱེད་སྟངས་དེ་ལྟར་རིགས་བསྒྲེས་ཆོག རྩ་ཁྲིམས་སུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལ་དོན་དངོས་ཀྱི་དབང་ཆ་མེད་ནའང་། ཏང་གི་སྤྱི་ཁྱབ་ཧྲུའུ་ཅིའི་གོ་གནས་འཁུར་མཁན་གྱི་ཀྲུའུ་ཞིའི་དབང་ཚད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་ལས་ཆེ་བ་ཡོད།
རྒྱ་ནག་གི་རྩ་ཁྲིམས་ལྟར་ན། དམངས་འཐུས་ནི་དབང་ཆ་མཐོ་ཤོས་ཀྱི་ལས་ཁུངས་ཡིན་པ་དང༌། འཛིན་སྐྱོང་ལས་ཁུངས་མཐོ་ཤོས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཡིན་ལ། གུང་ཁྲན་ཏང་གི་མགོ་ཁྲིད་འོག་གི་དམངས་གཙོའི་ཏང་ཁག་བརྒྱད་”ལས་གྲུབ་པའི་སྲིད་གྲོས་ནི་དོན་དམ་གྱི་དབང་ཆ་མེད་པའི་བློ་འདྲིའི་སྡེ་ཁག་ཅིག་ཡིན།
ལས་ཁུངས་ཆེན་པོ་བཞི་དང་། དབུས་དམག་དོན་ཨུ་ལྷན། ཐད་གཏོགས་གྲོང་ཁྱེར་བཞི། འབྱོར་བ་ཆེ་ཤོས་ཀྱི་མངའ་སྡེ་ཀོང་ཏུང་བཅས་ཀྱི་མགོ་ཁྲིད་གཙོ་བོ་ལས་ཀྲུང་དབྱང་ཆབ་སྲིད་ཅུས་གྲུབ་ཡོད་པ་དང་། རྒྱ་ནག་རྒྱལ་ཡོངས་ཀྱི་ལས་དོན་ཡོངས་རྫོགས་ལ་དངོས་སུ་དོ་དམ་བྱེད་ཀྱི་ལས་ཁུངས་དེ་ཡིན། ཀྲུང་དབྱང་དམག་དོན་ཨུ་ལྷན་གྱིས་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ལ་འཛིན་སྐྱོང་བྱེད། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ནི་རྒྱ་ནག་གི་རིམ་པ་སོ་སོའི་ལས་ཁུངས་ཀྱི་དཔོན་རིགས་ཚོར་ལྟ་ཞིབ་བྱེད་མཁན་གྱི་ལས་ཁུངས་ཡིན།།
ཁ༽ རྒྱ་གཞུང་གི་ཁྲིམས་ལུགས་མ་ལག
རྒྱ་ནག་གི་ཁྲིམས་ལུགས་མ་ལག་ནི་གོམས་སྲོལ་དང་ཁྲིམས་སྲོལ་འདྲེས་མའི་ཕུང་པོ་ཞིག་ཏུ་འདོད་ཅིང་། འཛམ་གླིང་དུ་རྒྱ་མཚོ་དང་སྐམ་སའི་ཁྲིམས་རྒྱུད་གཉིས་སུ་དབྱེ་བའི་ཁྲོད་ཀྱི་སྐམ་སའི་ཁྲིམས་རྒྱུད་དུ་གཏོགས་པའི་ཇར་མན་གྱི་ཁྲིམས་སྲོལ་དང་ཐག་ཉེ་བར་བཤད། ༡༩༨༢ ལོའི་ཟླ་༡༢ ཚེས་༤ ཉིན་ཁྱབ་བསྒྲགས་བྱས་པའི་“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་”ལ་༡༩༨༨ ལོ་དང་། ༡༩༩༣ ལོ། ༡༩༩༩ ལོ། ༢༠༠༩ ལོ་བཅས་སུ་བཟོ་བཅོས་ཐེངས་བཞི་བྱས་ཡོད་པ་དང་།
༡༩༨༧ ལོའི་ཟླ་༡ ཚེས་༡ ཉིན་ཉེས་ཁྲིམས་དང་དམངས་ཁྲིམས་གཉིས་ལག་བསྟར་བྱེད་མགོ་བརྩམས་ཡོད། ༢༠༠༧ ཟླ་༣ ཚེས་༡༦ ཉིན་་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱུ་ནོར་བདག་ཐོབ་ཀྱི་བཅའ་ཁྲིམས་”གཏན་འབེབས་བྱས་ཡོད།
༡) ཁྲིམས་ལུགས་ཀྱི་རིམ་པ། མཐོ་ཤོས་ནས་གཤམ་དུ་རིམ་པ་བཞིན།
༡ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས། རྒྱལ་ཡོངས་དམངས་འཐུས་ཀྱི་ན་འབེབས་དང་བཟོ་བཅོས་བྱེད་དགོས།
༢གཞི་རྩའི་ཁྲིམས་ཡིག རྒྱལ་ཡོངས་དམངས་འཐུས་ཀྱིས་གཏན་འབེབས་དང་བཟོ་བཅོས་བྱེད་དགོས། དཔེར་ནག་ཉེས་ཁྲིམས་ལྟ་བུ།
༣ཁྲིམས་ལུགས་གཞན། སྤྱིར་བཏང་གི་ཁྲིམས་ལུགས་སམ་ཁྲིམས་ལུགས་དཀྱུས་མའང་ཟེར། རྒྱལ་ཡོངས་དམངས་འཐུས་ཀྱིས་གཏན་འབེབས་བྱེད་དགོས་པའི་ཁྲིམས་ཡིག་ལས་གཞན་པའི་བཅའ་ཁྲིམས་ཏེ། རྒྱལ་ཡོངས་དམངས་འཐུས་རྒྱུན་ལས་ཀྱིས་གཏན་འབེབས་དང་བཟོ་བཅོས་བྱེད་དགོས།
༤འཛིན་སྐྱོང་ཁྲིམས་སྲོལ།
རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་དང་བཟོ་བཅོས་བྱེད་དགོས།
༥ས་གནས་ཀྱི་ཁྲིམས་སྲོལ།
ཞིང་ཆེན་དང་ཐད་གཏོགས་གྲོང་ཁྱེར་དམངས་འཐུས་ ལས་ཀྱིས་གཏན་འབེབས་དང་བཟོ་བཅོས་བྱེད་དགོས།
༦རང་སྐྱོང་སྲོལ་ཡིག
མི་རིགས་རང་སྐྱོང་ས་གནས་ཀྱི་དམངས་འཐུས་ ཀྱིས་གཏན་འབེབས་དང་བཟོ་བཅོས་བྱེད་དགོས།
༧སྡེ་ཚན་གྱི་སྒྲིག་སྲོལ།
རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་གཏོགས་ཀྱི་ལས་ཁུངས་སོ་སོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་འོག་བཟོས་པའི་རང་ཁོངས་སོ་སོར་ནུས་པ་ལྡན་པའི་དམའ་རིམ་གྱི་ཁྲིམས་ཡིག་ཅིག་ཡིན།
ས་གནས་ཁྲིམས་ ང་རང་སྐྱོང་སྲོལ་ཡིག་གི་ཁྲིམས་ལུགས་གོ་ག མཚུངས་ཡིན། ས་གནས་ཁྲིམས་སྲོལ་
དང་སྡེ་ཚན་གྱི་སྒྲིག་སྲོལ་རྩོད་གླེང་བྱུང་ཚེ། ཁྲིམས་ལུགས་ཀྱི་གོ་གནས་ལྟར་ན་ཐོག་མར་ས་གནས་ཁྲིམས་སྲོལ་ལ་གཞི་འཛིན་དགོས་ནའང་། ལག་ལེན་ཁྲོད་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་སེང་ཞུས་ཏེ་ཁྲིམས་གཅོད་བྱེད་དགོས།
ག༽ རྒྱལ་ཁབ་ཀྱི་སྒྲིག་འཛུགས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལེའུ་གསུམ་པའི་གཏན་འབེབས་གཞིར་བཟུང་ཚེ། རྒྱལ་ཁབ་ཀྱི་སྒྲིག་འཛུགས་གྲུབ་སྟངས་གཤམ་གསལ་ལྟར་ཡིན།
༡རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན།
༢ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི། (སྲིད་འཛིན།)
༣རྒྱལ་སྲིད་སྤྱི་ཁྱབ་ཁང་།
༤ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་།
༥ས་གནས་རིམ་པ་སོ་སོའི་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་།
༦མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས།
༧མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་།
རྒྱ་ནག་གི་ཁྲིམས་འཛིན་དང་ཁྲིམས་བཟོ་བར་གྱི་འབྲེལ་བ་དེ་ཡོངས་གྲགས་སུ་དམངས་གཙོའི་ཀ་བ་གསུམ་གྱི་ཆབ་སྲིད་ལམ་ལུགས་འཛིན་མཁན་ཚོ་དང་བར་ཁྱད་ཆེན་པོ་ཡོད། སྤྱིར་བཏང་དམངས་གཙོའི་ཀ་བ་གསུམ་ལག་ལེན་བྱེད་མཁན་གྱི་རྒྱལ་ཁབ་ཁག་ཏུ། རྩ་ཁྲིམས་འགྲེལ་བཤད་ཀྱི་དབང་ཚད་དེ་ཁྲིམས་འཛིན་སྡེ་ཚན་ལ་ཡོད་དགོས་པ་དང༌། ཁྲིམས་བཟོ་སྡེ་ཚན་ལ་ཁྲིམས་ལུགས་གསར་བཟོའི་དབང་ཚད་མ་གཏོགས་མེད། རྒྱ་ནག་གི་རྩ་ཁྲིམས་སུ་རྩ་ཁྲིམས་དང་ཁྲིམས་ལུགས་གཞན་དག་གསར་བཟོ་དང་བསྐྱར་བཅོས་ཀྱི་དབང་ཚད་དེ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་ཡོད་པ་དང་། ཁྲིམས་ཡིག་འགྲེལ་བཤད་ཀྱི་དབང་ཚད་དེ་རྒྱལ་ཡོངས་དམངས་འཐུས་རྒྱུན་ལས་ལ་སྤྲད་ཡོད། དེ་བཞིན་ཁྲིམས་འཛིན་ལས་ཁུངས་མཐོ་ཤོས་ཆེས་མཐོའི་མི་དམངས་ཁྲིམས་ཁང་ལ་རྩ་ཁྲིམས་ཕུད་པའི་སྤྱིར་བཏང་གི་ཁྲིམས་ལུགས་ལ་མཐའ་མའི་ཐག་གཅོད་ཀྱི་དབང་ཚད་སྤྲད་ཡོད།
རྒྱ་ནག་གི་རིམ་པ་སོ་སོའི་དམག་དོན་ཨུ་ཡོན་ལྷན་ཁང་དང༌། རིམ་པ་སོ་སོའི་ཞིབ་དཔྱོད་ཁང་དེ་དག་ཀྱང་འཛིན་སྐྱོང་གི་ཁོངས་སུ་མི་གཏོགས་པ་དང་། ཁྲིམས་ལུགས་སྟེང་དེ་དག་ནི་རིམ་པ་སོ་སོའི་སྲིད་གཞུང་དང་འདྲ་མཚུངས་ཡིན། ཞིབ་དཔྱོད་ཁང་ལ་ཁྲིམས་འཛིན་གྱི་དབང་ཚད་གང་ཙམ་ཞིག་སྤྲད་ཡོད་པའི་ཐད། རྒྱ་ནག་ནང་ཁུལ་དུའང་ལུགས་མཐུན་མིན་པའི་བསམ་ཚུལ་འདོན་མཁན་ཡོང་གི་ཡོད།
༡) རྒྱལ་ཁབ་ཀྱི་དབུ་ཁྲིད།
རྒྱལ་ཁབ་ཀྱི་དབུ་ཁྲིད་ལ་ཀྲུང་ཧྭ་མི་དམངས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ་ཞེས་འབོད་ཅིང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་འདེམས་བསྐོ་བྱེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལ་དོན་དམ་གྱི་དབང་ཆ་གང་ཡང་མེད་པར། དབུས་དམར་ཤོག་ཚོགས་པའི་སྤྱི་ཁྱབ་ཧྲུའུ་ཅི་དང་། དབུས་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་ལྟ་བུ་ཞོར་ལྕོགས་ཀྱི་ལས་གནས་གཞན་བརྒྱུད་ནས་དབང་ཆ་ཐོབ་ཀྱི་ཡོད། ད་ལྟའི་ཀྲུའུ་ཞི། ཧུའུ་ཅིན་ཐའོ། ༢༠༠༣ ཟླ་༣ ཚེས་༡༥ ཉིན་ནས་ལས་ཁུར་མགོ་ཚུགས།
ཀྲུའུ་ཞི་གཞོན་པ། ཞི་ཅིན་ཕིན། ༢༠༠༨ ཟླ་༣ ཚེས་༡༥ ནས་ལས་ཁུར་མགོ་ཚུགས། ཀྲུའུ་ཞི་གཙོ་གཞོན་གྱི་ལས་ཁུར་ཡུན་ཚད་ལོ་ལྔ་ཡིན།
༢) འཛིན་སྐྱོང་ལས་ཁུངས།
འཛིན་སྐྱོང་ལས་ཁུངས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་(ཀྲུང་དབྱང་མི་དམངས་སྲིད་གཞུང་། )དང་ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་ལས་གྲུབ་པ་དང༌། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆ་ཁག་ལ་རྒྱལ་ཡོངས་དམངས་འཐུས་རྒྱུན་ལས་ཀྱི་ཆོག་མཆན་ཐོབ་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་(ཙུང་ལི།)ནི་རྒྱལ་ཁབ་ཀྱི་ཀྲུའུ་ཞིས་མིང་འདོན་བྱས་ཏེ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྟེང་གྲོས་འཆམ་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆ་གཞན་ཏེ། སྲིད་བློན་གཞོན་པ་དང་། རྒྱལ་དོན་འཐུས་མི། དྲུང་ཡིག་ཆེན་མོ། ལས་ཁུངས་སོ་སོའི་འགན་འཛིན་རྣམས་སྲིད་བློན་གྱིས་མིང་འདོན་བྱས་ཏེ།
རྒྱལ་ཡོངས་དམངས་འཐུས་ཀྱི་ཆོག་མཆན་ཐོབ་དགོས། སྲིད་བློན་གཙོ་གཞོན་དང་། རྒྱལ་དོན་འཐུས་མིའི་ལས་ཁུར་ཡུན་ཚད་ལོ་ལྔ་ཡིན་པ་དང་། ཡུན་ཚད་གཉིས་ལྷག་བསྟུད་མར་བསྐྱར་འདེམས་མི་ཆོག ད་ལྟའི་སྲིད་བློན། ཝུན་ཅ་པའོ། ༢༠༠༣ ཟླ་ཚེས་༡༦ ནས་ལས་ཁུར་མགོ་ཚུགས། སྲིད་བློན་གཞོན་པ། ལིས་ཁེ་ཆང་། ཧོས་ལེའང་ཡུས། ཀྲང་ཏེ་ཅང༌། ཝང་ཀྲི་ཧྲན་བཅས་ཡིན། ༢༠༠༨ ཟླ་༣ ཚེས་༡༥ སྐབས་༡༡ རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་པོའི་སྟེང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བཅོས་སྒྲིག་གི་གྲོས་འཆར་ལ་གྲོས་འཆམ་བྱུང་སྟེ། རྒྱལ་སྲིད་སྤྱི་ཁྱབ་ ངས་གཏོགས་སུ་བློན་ཆེན་ལས་ཁུངས་༢༧ གཏན་འབེབས་བྱས་ཡོད།
༣) ཁྲིམས་བཟོ་ལས་ཁུངས།
རྒྱ་ནག་གི་ཁྲིམས་བཟོ་སྡེ་ཚན་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཡིན། དེར་འཐུས་མི་བསྡོམས་༢༩༨༥ ཡོད་པ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་སོའི་དམངས་འཐུས་ཚོགས་ཆེན་དང་། ཧོང་ཀོང་དང་ཨའོ་མིན་དམིགས་བསལ་འཛིན་སྐྱོང་ས་ཁུལ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཅས་ཀྱིས་འོས་བསྡུའི་ལམ་ནས་ཡོང་གི་ཡོད། ལས་ཁུར་ཡུན་ཚད་ལོ་ལྔ་ཡིན། དམངས་འཐུས་རྒྱུན་ལས་ཀྱི་ཚོགས་གཙོ་(ཀྲུའུ་རིན་) ཝུའུ་པང་གོ། ཚོགས་གཙོ་གཞོན་པ། ཝང་ཀྲའོ་གོ། ལུའུ་ཡུང་ཞང༌། ཨུ་ཡུན་ཆིམ་གེ།(བུད་མེད། སོག་རིགས།) ཧན་ཆི་ཏེ། ཧྭ་ཅན་མིན། ཁྲིན་ཀྲི་ལི།(བུད་མེད།) ཀྲོའུ་ཐེ་ནོང་། ལི་ཅན་གོ། སི་མ་དབྱི་ཐེ་ལི་ཝར་ཏི།(ཡུ་གུར་རིགས།) ཅང་ཧྲུའུ་ཧྲིན། ཁྲིན་ཁྲང་ཀྲི། ཡན་ཞིའུ་ཆི།(བུད་མེད།)སང་གོ་ཝེ་བཅས་ཡིན། དམངས་འཐུས་རྒྱུན་ལས་ཀྱི་འོག་ཏུ་ཆེད་བཙུགས་ལྷན་ཚོགས་དགུ་ཡོད་པ་སྟེ། ༡། མི་རིགས་ལྷན་ཚོགས། ཁྲིམས་ལུགས་ལྷན་ཚོགས། །
ནོར་སྲིད་དཔལ་འབྱོར་ལྷན་ཚོགས། ༤། སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལྷན་ཚོགས། ༥། ཕྱི་དོན་ལྷན་ཚོགས།ཕྱི་སྡོད་རྒྱ་རིགས་ལྷན་ཚོགས། ༧། ནང་སྲིད་ཁྲིམས་འཛིན་ལྷན་ཚོགས། ༨། ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ལྷན་ཚོགས། ༩། ཞིང་ལས་དང་ཞིང་སྡེ་ལྷན་ཚོགས་བཅས་ཡིན།
༤) ཁྲིམས་འཛིན་སྡེ་ཚན།
རྒྱ་ནག་གི་ཁྲིམས་འཛིན་སྡེ་ཚན་ནི་མི་དམངས་ཁྲིམས་ཁང་དང་། མི་དམངས་ཞིབ་དཔྱོད་ཁང་གཉིས་ལས་གྲུབ་པ་ཡིན།
༡) མི་དམངས་ཁྲིམས་ཁང་།
༡ཆེས་མཐོའི་མི་དམངས་ཁྲིམས་ཁང་དང༌། ས་གནས་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་། དམག་དོན་ཁྲིམས་ཁང་སོགས་ལས་གྲུབ་པ་དང་། རྒྱལ་ཁབ་ཀྱི་ཁྲིམས་ཐག་གཅོད་མཁན་གྱི་ལས་ཁུངས་དེ་ཡིན།
༢ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང༌། དེའི་རྒྱུན་ལས་ལྷན་ཚོགས་ལ་འགན་འཁུར་དགོས་པ་དང་། ས་གནས་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་། དམག་དོན་ཁྲིམས་ཁང་སོགས་ཀྱི་འདྲི་གཅོད་ལས་དོན་ལ་སྟངས་འཛིན་བྱེད་དགོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་ནི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྟེང་འོས་བསྡུའི་ དོ་དགོས་ཤིང༌། ལས་ཁུར་ལོ་ལྔ་ཡིན། ཡུན་ཚད་གཉིས་ལྷག་བསྟུད་མར་བསྐྱར་འདེམས་མི་ཆོག
༣མི་དམངས་ཁྲིམས་ཁང་གིས་ཁྲིམས་ལུགས་གཞིར་བཟུང་རང་ཚུགས་ཀྱི་སྒོ་ནས་འདྲི་གཅོད་ཀྱི་དབང་ཆ་སྤྱོད་རྒྱུ་ལས། འཛིན་སྐྱོང་ལས་ཁུངས་དང་། སྤྱི་ཚོགས་ཀྱི་ཚོགས་སྡེ། མི་སྒེར་སུ་རུང་ནས་ཐེ་གཏོགས་བྱེད་མི་ཆོག
༤ས་གནས་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་གིས་སོ་སོ་འབྱུང་ཡུལ་གྱི་རྒྱལ་ཁབ་དབང་འཛིན་ལས་ ངས་དང་རིམ་པ་གོང་མའི་ཁྲིམས་ཁང་ལ་འགན་འཁུར་དགོས།
༢) མི་དམངས་ཞིབ་དཔྱོད་ཁང་།
༡ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་། ས་གནས་རིམ་པ་སོ་སོའི་མི་དམངས་ཞིབ་དཔྱོད་ཁང་། དམག་དོན་མི་དམངས་ཞིབ་དཔྱོད་ཁང་སོགས་ལས་གྲུབ་པ་དང་། རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལྟ་སྐུལ་བྱེད་མཁན་གྱི་ལས་ཁུངས་དེ་ཡིན།
༢ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་། དེའི་རྒྱུན་ལས་ལྷན་ཚོགས་ལ་འགན་འཁུར་དགོས་པ་དང་། ས་གནས་རིམ་པ་སོ་སོའི་མི་དམངས་ཞིབ་དཔྱོད་ཁང་དང་། དམག་དོན་ཞིབ་དཔྱོད་ཁང་སོགས་ཀྱི་ལས་དོན་ལ་མགོ་འཁྲིད་དགོས། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ནི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྟེང་འོས་བསྡུའི་ལམ་ནས་བསྐོ་དགོས་ཤིང་། ལས་ཁུར་ལོ་ལྔ་ཡིན། ཡུན་ཚད་གཉིས་ལྷག་བསྟུད་མར་བསྐྱར་འདེམས་མི་ཆོག
༣ས་གནས་རིམ་པ་སོ་སོའི་མི་དམངས་ཞིབ་དཔྱོད་ཁང་གིས་སོ་སོ་འབྱུང་ཡུལ་གྱི་རྒྱལ་ཁབ་དབང་འཛིན་ལས་ཁུངས་དང་རིམ་པ་གོང་མའི་ཞིབ་དཔྱོད་ཁང་ལ་འགན་འཁུར་དགོས།
ང༽ ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ།
༡༩༤༥ ཟླ་༡༠ ནང༌། གོ་མིན་ཏང་དང་གུང་ཁྲན་ཏང་གཉིས་ཁྲུང་ཆིན་དུ་རྒྱལ་ཁབ་འཛུགས་སྐྲུན་སྐོར་གྱི་གྲོས་མོལ་བྱེད་སྐབས། ཀྲོའུ་ཨིན་ལའེ་ཡིས་ཆབ་སྲིད་གྲོས་མོལ་གྱི་མིང་ཐོག་ནས་འཚོགས་རྒྱུའི་བསམ་ཚུལ་ལ། གོ་མིན་ཏང་གི་སྐུ་ཚབ་ལྦང་ཤཱི་ཅེ་ཡིས་མོས་མཐུན་མ་བྱས་པར། “ཆབ་སྲིད་ཚོགས་འདུ་”ཞེས་པའི་ནང་“གྲོས་མོལ་ཞེས་པའི་ཚིག་རྗོད་ཅིག་གསར་སྣོན་དགོས་པའི་འདོད་ཚུལ་བསྟན་པ་དང་། གུང་ཁྲན་ཏང་གིས་ཀྱང་དེ་ངོས་ལེན་བྱས་ཏེ། མའོ་ཙེ་ཏུང་དང་ཅང་ཅེ་ཧྲི་གཉིས་ཐུག་འཕྲད་ཀྱིས། “སྲིད་གཞུང་དང་ཀྲུང་གུང་སྐུ་ཚབ་གྲོས་མོལ་གནད་བསྡུས་ཟེར་བའི་གྲོས་ཆོད་སྟེང་ཚིག་གཞི་དེ་དངོས་སུ་བཅུག་པ་དང༌། ༡༩༤༦ ལོའི་ཟླ་༡ ནང་གོ་མིན་ཏང་གི་གཙོ་སྐྱོང་འོག་ཏང་ཁག་དུ་མ་དང་བར་གནས་པ་བསྡོམས་༢༨ ལས་གྲུབ་པའི“ཆབ་སྲིད་གྲོས་མོལ་ཚོགས་འདུ་ཞིག་ཁྲུང་ཆིན་དུ་འཚོགས།
༡༩༤༩ ལོར་གོ་མིན་ཏང་ཕམ་ཉེས་སུ་སོང་རྗེས། གུང་ཁྲན་ཏང་གིས་ ན་ཚོགས་པ་ཁག་བསྡུ་བསྐོངས་ཀྱིས།
“ཆབ་སྲིད་གྲོས་མོལ་ཚོགས་འདུ་གསར་པའི་གྲ་སྒྲིག་ལྷན་ཚོགས་”ཞེས་པ་བཙུགས་པ་དང་། དེ་ནས་འཕྲལ་དུ་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་”ཞེས་མིང་བསྒྱུར་བྱས། སྐབས་དང་པོའི་ཚོགས་འདུ་དེའི་སྟེང་། རྒྱ་ནག་གི་འཕྲལ་སེལ་རྩ་ཁྲིམས་ཀྱི་ནུས་པ་ལྡན་པའི་“ཐུན་མོང་རྩ་འཛིན་གཏན་འབེབས་དང་། གཞུང་གི་མགོ་ཁྲིད་བསྐོ་བཞག རྒྱལ་ས་དང་རྒྱལ་དར།
རྒྱལ་གླུ་བཅས་པ་གཏན་ལ་ཕབ།
རྩ་ཁྲིམས་ཀྱི་སྔོན་གླེང་དུ། “ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ནི་ཡོངས་ཁྱབ་ཀྱི་འཐུས་ཚབ་མཚོན་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་སྒྲིག་འཛུགས་ཤིག་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་མགོ་འཁྲིད་པའི་ཏང་ཁག་མང་པོ་མཉམ་འབྲེལ་དང་ཆབ་སྲིད་གྲོས་མོལ་གྱི་ལམ་ལུགས་འདི་འབྱུང་འགྱུར་དུས་ཡུན་རིང་པོར་གནས་པ་དང་འཕེལ་རྒྱས་འགྲོ་དགོས་ཞེས་གསལ་ཡོད་རུང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་རྒྱལ་ཁབ་སྒྲིག་འཛུགས་ལས་ཁུངས་ཀྱི་དོན་ཚན་ཁག་ཏུ་ཚོགས་འདུ་འདིའི་ཁྲིམས་དོན་གནས་བབ་སྐོར་གཅིག་ཀྱང་བྲིས་མེད། འོན་ཀྱང་ཚོགས་གཙོ་(ཀྲུའུ་ཞི།)གཅིག་དང་ཚོགས་གཞོན་དུ་མ་བསྐོ་བཞག་བྱེད་པ་དེ་དག་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣའི་གྲས་སུ་ཚུད་ཀྱི་ཡོད། ད་ལྟའི་ཆར་ཚོགས་
གཙོ་གཅིག་དང་། ཚོགས་གཞོན་༢༥ ། ཚོགས་མི་༢༢༢༧ ལས་གྲུབ་ཡོད།
ཚོགས་གཙོ། ཅ་ཆིན་ལིན།
ཚོགས་གཞོན། ཝང་ཀང་། ལེའོ་ཧོས། ཏུའུ་ཆིན་ལིན། ང་ཕོད་ངག་དབང་འཇིགས་མེད། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། མ་ཝན་ཆི། པའེ་ལི་ཁྲིན། ཁྲིན་ཁུའེ་ཡོན། ཨ་པུ་ལེ་ཏི་ཨབ་ཏུ་རེ་ཞི་ཐི། ལི་ཀྲའོ་ཀྲོ། ཧོང་མེང་ཧྥ། ཏུང་ཅན་ཧྭ།ཀྲང་མེ་དབྱིན། ཀྲང་རུང་མིན། ཚན་ཡུན་ལུའུ། སུང་ཅ་ཁྲིན། ལི་ཅིན་ཧྭ། ཁྲིན་ཟན་ཐུང་། ཏིན་པུའུ་ཧྥང་། ཝ ཝན་ཀང་། ལིན་ཝུན་དབྱི། ལི་ཝུའུ་ཝེ། ལོ་ཧྥུ་ཧོ། ཁྲིན་ཙུང་ཤིན། ཝང་ཀྲི་ཀྲིན།
སྲིད་གྲོས་ཀྱི་འཐུས་མིའི་ཆ་རྐྱེན་རང་ལོ་༡༨ཡན་གྱི་སྤྱི་དམངས་ཡིན་དགོས་ཀྱང་། ཕྱི་སྡོད་རྒྱ་རིགས་དང༌། ཐའེ་ཝན་གྱི་འཐུས་ཚབ་ཀྱང་ཡོང་ཆོག་གི་ཡོད། རྫོང་རིམ་པ་ཡན་གྱི་སྲིད་གྲོས་ཀྱི་འཐུས་མི་རྣམས་འོས་བསྡུ་བྱེད་མི་དགོས་པར། ཀྲུང་གོ་གུང་ཁྲན་ཏང་དང་། དམངས་གཙོ་ཏང་ཁག རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་བཅས་གྲོས་མོལ་ལ་བརྟེན་ནས་བསྐོ་བཞག་བྱེད་དགོས། འཐུས་མིའི་ཡོང་ཁུངས་སུ་གྲངས་ཉུང་མི་རིགས་ཁག་དང༌། སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་མི་སྣ་འཛོམས་དགོས་ལུགས་སྒྲོག་གིན་ཡོད།
ཅ༽ རྒྱ་ནག་གི་དཔོན་རིགས་ཀྱི་གོ་ཐོབ།
༡རྒྱལ་ཁབ་རིམ་པ་ངོ་མ། དབུས་ཆབ་སྲིད་ཅུས་རྒྱུན་ལས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ། སྲིད་བློན།དམངས་འཐུས་ཚོགས་གཙོ། སྲིད་གྲོས་ཚོགས་གཙོ། དབུས་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི།
༢རྒྱལ་ཁབ་རིམ་པ་གཞོན་པ། དབུས་ཆབ་སྲིད་ཅུས་ཀྱི་འཐུས་མི། ཧྲུའུ་ཅི་ཁྲུའུ་ཡི་འཐུས་མི། སྲིད་བློན་གཞོན་པ་དང་རྒྱལ་དོན་ཨུ་ཡོན། དམངས་འཐུས་ཚོགས་གཞོན། སྲིད་གྲོས་ཚོགས་གཞོན། དབུས་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ། ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན། ཆེས་མཐོའི་ཞིབ་དཔྱོད་དཔོན།
༣བློན་ཆེན་རིམ་པ་ངོ་མ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བློན་ཆེན་ལས་ཁུངས་ཁག་གི་བློན་ཆེན་དང་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཧྲིན་ཀྲང་། (མངའ་སྡེ་བློན་ཆེན།) ཞིང་ཆེན་དམངས་འཐུས་ཚོགས་གཙོ། ཞིང་ཆེན་སྲིད་གྲོས་ཚོགས་གཙོ། ཆེས་མཐོའི་ཁྲིམས་ཁང་གི་བློན་ཆེན་རིམ་པའི་ཁྲིམས་དཔོན་གཞོན་པ། ཆེས་མཐོའི་ཞིབ་དཔྱོད་ཁང་གི་བློན་ཆེན་རིམ་པའི་ཞིབ་དཔྱོད་དཔོན་གཞོན་པ། དབུས་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ།
༤བློན་ཆེན་རིམ་པ་གཞོན་པ། བློན་ཆེན་ལས་ཁུངས་དང་ཞིང་ཆེན་རིམ་པའི་མགོ་ཁྲིད་གཞོན་པ། ཆེས་མཐོའི་ཁྲིམས་ཁང་གི་བློན་ཆེན་གཞོན་པ་རིམ་པའི་ཁྲིམས་དཔོན་གཞོན་པ། ཆེས་མཐོའི་ཞིབ་དཔྱོད་ཁང་གི་བློན་ཆེན་གཞོན་པ་རིམ་པའི་ཞིབ་དཔྱོད་དཔོན་གཞོན་པ། ཞིང་ཆེན་མཐོ་རིམ་ཁྲིམས་ཁང་གི་ཁྲིམས་དཔོན་དང་། ཞིང་ཆེན་མཐོ་རིམ་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན།
༥ཐིན་དང་ཅུས་རིམ་པ་ངོ་མ། དབུས་བློན་ཆེན་ལས་ཁུངས་ཀྱི་ཚན་པ་ཁག་གི་འགན་འཛིན། (སི་ཀྲང་། ཅུས་ཀྲང་།)ཞིང་ཆེན་ལས་ཁུངས་ཀྱི་འགན་འཛིན། (ཐིན་ཀྲང་།) ས་ཁུལ་རིམ་པའི་གྲོང་ཁྱེར་སྤྱི་ཁྱབ།
༦ཐིན་དང་ཅུས་རིམ་པ་གཞོན་པ། ཐིན་རིམ་པ་གཞོན་པ་དང༌། གྲོང་ཁྱེར་རིམ་པ་གཞོན་པ།
༧རྫོང་རིམ་པ་ངོ་མ། གོང་རིམ་ལས་ཁུངས་ཀྱི་སྡེ་ཚན་འགན་འཛིན། (ཁྲུའུ་ཀྲང་། ཅུས་ཀྲང་།) རྫོང་དཔོན།
༨རྫོང་རིམ་པ་གཞོན་པ། ཁྲུའུ་རིམ་པ་གཞོན་པ་དང་། རྫོང་རིམ་པ་གཞོན་པ།
༩ཞང་དང་ཁོའོ་རིམ་པ་ངོ་མ། རྫོང་རིམ་པའི་སྡེ་ཚན་འགན་འཛིན། (ཁོའོ་ཀྲང་། ཁྲུའུ་ཀྲང་། ཅུས་ཀྲང་།) ཞང་དང་གྲོང་བརྡལ་གྱི་འགན་འཛིན།
༡༠ཞང་དང་ཁོའོ་རིམ་པ་གཞོན་པ། རྫོང་རིམ་པའི་སྡེ་ཚན་གྱི་འགན་འཛིན་གཞོན་པ་དང་། ཞང་དང་གྲོང་བརྡལ་གྱི་འགན་འཛིན་གཞོན་པ།
༡༡དོན་བྱེད་པ། (ཁེ་ཡོན།) རྫོང་རིམ་པ་མན་གྱི་གཞུང་ཞབས།
༡༢ལས་བྱ་བ། (པན་ཧྲི་ཡོན།) ལས་བྱེད་དང་མི་སྣ་གཞན།
དཔོན་རིགས་ཀྱི་གནས་རིམ།
༡སྲིད་བློན། གནས་རིམ་དང་པོ།
༢རྒྱལ་དོན་ཨུ་ཡོན། གནས་རིམ་གཉིས་པའམ་གསུམ་པ།
༣བློན་ཆེན་རིམ་པ་ངོ་མ། གནས་རིམ་གསུམ་པའམ་བཞི་བ།
༤བློན་ཆེན་རིམ་པ་གཞོན་པ། གནས་རིམ་བཞི་བའམ་ལྔ་བ།
༥སི་དང་ཐིན་རིམ་པ་ངོ་མ། གནས་རིམ་ལྔ་བ་ནས་བདུན་པ།
༦སི་དང་ཐིན་རིམ་པ་གཞོན་པ། གནས་རིམ་དྲུག་པ་ནས་བརྒྱད་པ།
༧ཁྲུའུ་དང་རྫོང་རིམ་པ་ངོ་མ། གནས་རིམ་བདུན་པ་ནས་བཅུ་བ་བར།
༨ཁྲུའུ་དང་རྫོང་རིམ་པ་གཞོན་པ། གནས་རིམ་བརྒྱད་པ་ནས་བཅུ་གཅིག་བར།
༩ཁའོ་དང་ཤང་རིམ་པ་ངོ་མ། གནས་རིམ་དགུ་བ་ནས་བཅུ་གཉིས།
༡༠ཁའོ་དང་ཤང་རིམ་པ་ངོ་མ། གནས་རིམ་དགུ་བ་ནས་བཅུ་གསུམ།
༡༡དོན་བྱེད་པ། གནས་རིམ་དགུ་བ་ནས་བཅུ་བཞི།
༡༢ལས་བྱ་བ། གནས་རིམ་བཅུ་བ་ནས་བཅོ་ལྔའོ།