རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་།

Central For Middle Way Initiative

中间道路倡议中心

སྤྱི་འཐུས་ཚོགས་གཙོའི་དབུ་མའི་ལམ་གྱི་སྲིད་བྱུས་ཐད་གསུང་བཤད།

༄༅།། དེ་རིང་ཕྱི་ཟླ་༤་པའིཚེས་༥་སྟེ། རེས་གཟའ་མིག་དམར་ཉིན་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་སྐབས་ལྔ་པའི་རྒྱལ་ཡོངས་ཚོགས་ཆེན་གྱི་ཉིན་མཐའ་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ཕེབས་ནས་མཇུག་སྡོམ་གསུང་བཤད་གནང་ཡོད་ཅིང་། ཁོང་གིས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་བཙུགས་ཡོད་པས་ཚོགས་པའི་གནད་འགག་རྣམས་ངེས་པར་དུ་ཤེས་དགོས་པར་མ་ཟད། ལས་འགུལ་གྱི་རྣམ་པ་ཡང་ཤུགས་ཆེ་རུ་གཏོང་དགོས། དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་དང་རྒྱ་ནག་གཉིས་ཞི་འགྲིག་ཡོང་ཐབས་ཀྱི་སྲིད་བྱུས་ཞིག་ཡིན་པས་མི་མང་ཚང་མས་ཕྱ་གྲུ་མཉམ་འདེགས་ཀྱི་ཕན་ཚུལ་བགྲོ་གླེང་བྱ་དགོས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ཏུ་ཕེབས་དགོས་པའི་རྒྱུ་མཚན་དང་རྒྱབ་ལྗོངས་སོགས་གསུངས་ཡོད་པ་དེར་གཞོན་སྐྱེས་ཚོས་ཐུགས་སྣང་གནང་གལ་ཆེ། སྲིད་བྱུས་ཞེས་པ་ནི་མང་ཚོགས་ཀྱི་དགོས་མཁོར་འབྲེལ་བ་ངེས་པར་དུ་ཆགས་ཀྱི་ཡོད་ཅེས་གསུང་བཤད་གནང་འདུག དབུ་མའི་ལམ་གྱི་ཚོགས་གཞོན་སྤྱི་འཐུས་ཆོས་གྲགས་རྒྱ་མཚོས་སྐབས་ལྔ་པའི་དབུ་མའི་ལམ་གྱི་ཚོགས་ཆེན་གྱི་ལས་དོན་གཙོ་བོ་ནི་རྒྱུན་ལས་གསར་འདེམས་བྱ་དགོས་པ་དེ་ཡིན་རུང་ཏོག་དབྱིབས་ནད་དུག་ཁྱབ་ནས་བདམས་ཐུབ་མ་སོང་། དབུས་དང་ས་གནས་གཉིས་ལ་ཁྱབ་པའི་སྒྲིག་གཞི་བསྐྱར་བཅོས་བྱ་དགོས་པ་དང་༢༠༡༨་ལོར་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་བཞག་པའི་གྲོས་ཆོད་དོན་ཚན་བདུན་གཏན་འབེབས་བྱས་པར་གཞིར་བཞག་སྟེ་ཉིན་རེ་དང་ཟླ་རེའི་མཚམས་སུ་ལས་འགུལ་གང་དང་གང་སྤེལ་དགོས་མེད་འཆར་གཞི་དང་སྒྲིག་གཞི་སོགས་གཏན་འབེབས་བྱ་དགོས་ཞེས་གཏམ་བཤད་གནང་འདུག ཐེངས་འདིའི་དབུ་མའི་ལམ་གྱི་ཚོགས་ཆེན་ལ་མཉམ་ཞུགས་གནང་མཁན་ཨ་རིའི་ནིའུ་ཡོག་དང་ནིའུ་འཇར་སི་ས་གནས་དབུ་མའི་ལམ་གྱི་ཚོགས་གཙོ་བསྟན་འཛིན་ངག་དབང་གིས་སྐབས་ལྔ་པའི་ཚོགས་ཆེན་ཡག་པོ་བྱུང་སོང་། ལྷག་པར་དུ་རྒན་པ་ཚོས་དབུ་མའི་ལམ་གྱི་ཚོགས་པས་གཞོན་སྐྱེས་ཚོར་གོ་སྐབས་སྤྲོད་དགོས་ཞེས་ནན་སྐུལ་གནང་འདུག རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་སྐབས་ལྔ་པའི་རྒྱལ་ཡོངས་ཚོགས་ཆེན་དེ་ཉིན་གསུམ་རིང་བཞུགས་སྒར་རྡ་རམ་ས་ལར་ཚོགས་ཏེ་སྐབས་དྲུག་པའི་རྒྱུན་ལས་གསར་འདེམས་ཀྱིས་རྒྱུན་ལས་གསར་རྙིང་འཕོ་འགྱུར་གཏོང་གི་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

Read More »

དབུ་མའི་ལམ་གྱི་ཐོག་བོད་རིགས་གཞོན་སྐྱེས་བསམ་བློ་བའི་ཚོགས་འདུ་ཐེངས་གསུམ་པ།

༄༅།།རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ངོས་ནས་ལོ་ལྟར་༼དབུ་མའི་ལམ་གྱི་ཐོག་བོད་རིགས་གཞོན་སྐྱེས་བསམ་བློ་བའི་ཚོགས་འདུ༽ཞེས། ཚོགས་སྡེ་འདྲ་མིན་དང་མཐོ་སློབ་ཁག་ནས་ན་གཞོན་བསྡུ་བསྐོང་གིས་ཚོགས་འདུ་འཚོགས་བཞིན་པ་ལྟར་འདི་ལོར་སྤྱི་ཟླ་ ༩ ཚེས་ ༡༨ དང་ ༡༩ ཉིན་གཉིས་རིང་རྡ་སྟེང་བོད་ཁྱིམ་ཞི་བདེ་གླེང་མོལ་ཁང་དུ་ཚོགས་གཏན་འཁེལ་ཡོད་པ་བཞིན། ཐེངས་འདིའི་ཚོགས་འདུའི་སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་། བོད་ཁྱིམ་སློབ་གྲྭའི་སྤྱི་ཁྱབ་དབུ་འཛིན་རྒན་བསོད་ནམས་སྲི་གཅོད་མཆོག་རྣམ་གཉིས་དང་། ཚོགས་འདུ་དངོས་གཞིའི་སྐབས་ན་གཞོན་རྣམས་ལ་བཀའ་སློབ་གསུང་བཤད་གནང་མཁན་གྱི་མཁྱེན་དཔྱོངས་ཡངས་པའི་མི་སྣ་བཞི་ནི། དང་པོ། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག གཉིས་པ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན། སྐུ་ངོ་ཟླ་བ་ཚེ་རིང་མཆོག གསུམ་པ། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དང་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་འཕར་། སྐུ་ངོ་བསྟན་འཛིན་ལེགས་བཤད་མཆོག བཞི་པ། ཉམས་ཞིབ་པ་ཤེས་རབ་དར་རྒྱས་མཆོག་བཅས་སུ་གཏན་འཁེལ་བྱུང་བའི་གསལ་བསྒྲགས་སུ།

གསལ་བསྒྲགས།

༄༅། །མཚུངས་མེད་རྒྱ་བལ་འབྲུག་གསུམ་གྱི་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ས་གནས་རྒྱུན་ལས་ལྷན་རྒྱས་དང་། འབྲེལ་མཐུད་པ་རྣམ་པ། མཐོ་རིམ་སློབ་གཉེར་བ། སེར་སྐྱ་མི་མང་ལྷན་རྒྱས་ཀྱི་སྙན་ལམ་དུ། ཞུ་གསོལ། དེ་ནས་དགོངས་པར་མངའ་གསལ་ལྟར་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་བཅུ་དགུ་ (Covid19) འཛམ་གླིང་ཁྱོན་ཡོངས་ལ་ཁྱབ་གདལ་གྱིས་འགྲོ་བ་མི་སྤྱི་ཡོངས་ལ་གསབ་ཏུ་མེད་པའི་གོད་ཆགས་ཀྱིས། ལས་དོན་སྤྱིར་ཕྱིར་བཤོལ་དང་དུས་འགྱངས་སོགས་ངང་གིས་བྱུང་དང་འབྱུང་བཞིན་པ་ལྟར། རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ཚོགས་ཆེན་ཐེངས་དང་པོའི་སྐབས་ཀྱི་གྲོས་ཆོད་གཞིར་བཟུང་སྐབས་འདིའི་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་ཆེན་ཡང་སྔ་ལོའི་ནང་འཚོག་དགོས་ངེས་ཀྱང་། གནས་སྟངས་དེ་ལྟའི་དབང་གིས་འདི་ལོའི་ནང་མ་གཏོགས་འཚོག་སྐོང་ཐུབ་ཐབས་མ་བྱུང་གཤིས། འདི་ལོའི་ཕྱི་ཟླ་ ༤ ཚེས་ ༣ དང་། ༤། ༥ ཉིན་གསུམ་རིང་། བོད་ཀྱི་ཟློས་གར་དུ་འཚོག་གཏན་འཁེལ་སོང་ན། ས་གནས་ཁག་ནས་ཚོགས་གཙོ་བགྲེས་གཞོན་རྒྱུན་ལས་ཉུང་མཐར་གསུམ་རེས་ལས་བསྡོམས་མཉམ་ཕེབས་དང་། འབྲེལ་མཐུད་པ་རྣམ་པ་དུས་ཐོག་ཆུ་ཚོད་ ༧༢ ནང་ཚུན་ཏོག་ནད་བརྟག་དཔྱད་གྱིས་བདེ་ཐང་ཡིན་པའི་ཕྱག་འཁྱེར་དང་མཉམ་ལྷན་འཛོམས་གནང་རེ་དང་། དེ་མིན་མཐོ་རིམ་སློབ་གཉེར་བ་དང་དོན་གཉེར་ཅན་གྱི་སེར་སྐྱ་མི་མང་ཚོགས་ཆེན་གྱི་ཉིན་བཅོ་ལྔའི་སྔ་རོལ་དུ་ཐོ་འགོད་སླེབས་སྔ་འབྱོར་ལ་གཞིགས་ཏེ་མཚན་ཐོ་ལེན་རྒྱུ་ཡིན་ན། དེ་དོན་དགོངས་འཇགས་ཞུ།། ཕྱི་ལོ་ ༢༠༢༢ ཕྱི་ཟླ་ ༢ ཚེས་ ༡༦ ལ། རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་ནས།

Recent Comments