རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་།

Central For Middle Way Initiative

中间道路倡议中心

རྒྱ་ནག་གི་ཆོས་ལུགས།

རྒྱ་ནག་གི་ས་ཁོངས་སུ་ནང་པ་སངས་རྒྱས་པའི་ཆོས་ལུགས་དང་།དབྱི་སི་ལམ།ཡེ་ཤུ།ཏའོ་བཅས་ཆོས་ལུགས་ཆེན་པོ་བཞི་ཡོད་པ་དང་།དེ་དག་ལ་རྒྱལ་ཡོངས་རང་བཞིན་གྱི་སྒྲིག་འཛུགས་ལྡན་པ་མ་ཟད།རྒྱ་གཞུང་གིས་ངོས་ལེན་བྱེད་བཞིན་ཡོད།ས་ཁུལ་ལ་ལར་ཆོས་ལུགས་ཆུང་ཁག་དམིགས་བསལ་བ་རེ་ཟུང་ཡང་ཡོད། རྒྱ་གཞུང་གིས་ཡོངས་ཁྱབ་ཞིབ་བཤེར་མ་བརྒྱུད་པའི་གྲངས་ཐོ་ཚོད་དཔག་བྱས་པ་ལྟར་ན།ཆོས་ལུགས་ལ་དད་པ་བྱེད་མཁན་གྱི་མི་འབོར་དུས་ཕྱུར་གཅིག་ལྷག་ཡོད་པ་དང་།ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་བརྒྱད་ཁྲི་ལྔ་སྟོང་ལྷག       ཆོས་ལུགས་དོན་གཉེར་བྱེད་མཁན་འབུམ་གསུམ་ལྷག     ཆོས་ལུགས་ཀྱི་ཚོགས་སྡེ་༣༠༠༠ལྷག་ཙམ་དང་།ཚོགས་སྡེ་དག་གིས་བཙུགས་པའི་ཆོས་ལུགས་སློབ་གཉེར་ཁང་༧༤ཡོད་སྐད། ཀ     རྒྱ་ནག་གི་ཆོས་ལུགས་ཆེ་ཁག ༡  ནང་ཆོས། སྤྱི་ལོ་བརྒྱ་ཕྲག་དང་པོའི་ནང་རྒྱ་ནག་ཏུ་ནང་ཆོས་དར་ཏེ།ད་བར་ལོ༢༠༠༠ཉེ་བའི་ལོ་རྒྱུས་ཡོད་ཅིང་།སྐད་ཡིག་གི་ཆ་ནས་རྒྱ་སྐད་དང་།བོད་སྐད།པ་ལི་སྐད་བཅས་ཁག་གསུམ་དུ་དབྱེ།  རྒྱ་སྐད་ཀྱི་ནང་ཆོས་དེ་ཧན་རྒྱལ་རབས་ཀྱི་གོང་མ་ཧན་མིང་ཏི་ཡི་སྐབས་སུ་རྒྱ་གར་ནས་ནང་པའི་བསྟན་བཅོས་དང་སྐུ་བརྙན་གདན་དྲངས་ཤིང་།དེ་དག་རྟ་དཀར་པོར་བཀལ་ཏེ་ཡོང་བས།རྒྱལ་ས་ལོ་དབྱང་དུ་ཆོས་སྡེ་ཐོག་མ་རྟ་དཀར་དགོན་བཏབ་ཅིང་།ཏ་རོ་ཧྲི་ནས་ལོ་ཙྭ་བ་གཉིས་གདན་ཞུས་ཀྱིས་སྟོན་པའི་གསུང་རབ་ལེའུ་ཞེ་གཉིས་རྒྱ་ཡིག་ཏུ་བསྒྱུར།ཐང་རྒྱལ་རབས་སུ་དེང་སང་བརྙན་འཕྲིན་མུ་སྦྲེལ་ཟློས་གར་ནུབ་བསྐྱོད་ཟིན་ཐོ།སྤྲེའུ་བླ་མ།ཟེར་བའི་ཐང་ཟན་ཙང་ངམ་ཐང་སིན་བླ་མ་རྒྱ་གར་དུ་ནང་ཆོས་སློབ་གཉེར་དུ་སོང་ནས་ཕྱིར་འཁོར་རྗེས།གོང་མ་ཐང་ཐེ་ཙུང་གིས་གཙིགས་ཆེར་གཟིགས་ཏེ།ལོ་ཙྭ་བ་སྟོང་ཕྲག་དུ་མ་བསྡུས་ཏེ་ནང་པའི་བསྟན་ཆོས་རྒྱ་བསྒྱུར་བྱེད་དུ་བཅུག་པས།རྒྱ་ནག་ཏུ་ནང་ཆོས་རྒྱ་ཁྱབ་ཏུ་དར།སུང་རྒྱལ་རབས་སུ།ཤེས་ཡོན་ཅན་རྣམས་གཞུང་གི་ཐོབ་གོ་སར་འཛེག་རྒྱུར་ངེས་པར་དུ་ཀོང་ཙེའི་ལྟ་གྲུབ་ལ་བརྟེན་དགོས་སྟབས། རྒྱ་བརྒྱུད་ནང་ཆོས་ཉམས་རྒུད་ཀྱི་མགོ་ཚུགས།སོག་པོའི་ཡོན་རྒྱལ་རབས་དང་།མན་ཇུའི་ཆིན་རྒྱལ་རབས་སྐབས་སུ་བོད་ཀྱི་བླ་ཆེན་ཁག་ཅིག་གདན་ཞུས་ཀྱིས་རྒྱ་ནག་ཏུ་གོང་མའི་ཕོ་བྲང་ནས་དཔོན་རིགས་མི་དྲག་བརྒྱུད་དེ་རིམ་བཞིན་བོད་བརྒྱུད་ནང་བསྟན་རྒྱ་ཁྱབ་ཏུ་དར་སྤེལ་མཛད་ཡོད་པ་དང་།མིན་རྒྱལ་རབས་སུ་སྒོམ་སྒྲུབ་ལ་བརྟེན་ནས་རྒྱ་བརྒྱུད་ནང་ཆོས་མུ་མཐུད་རྒྱུན་འཛིན་བྱས་ཡོད། གུང་ཁྲན་ཏང་རྒྱ་ནག་ཏུ་དར་ཏེ་དུས་རབས་ཕྱེད་ཙམ་རིང་ཆོས་ལུགས་ཐམས་ཅད་རྨོངས་དད་དུ་འཇོག་པའི་རླབས་རྒྱུན་ཞིག་འཕྱུར་ཡོད་མོད།དེང་སང་དམར་ཤོག་ལ་དད་པ་བྱེད་མཁན་ཇེ་ཉུང་དུ་སོང་སྟེ།རྒྱ་རིགས་རྣམས་ལ་ནང་བསམ་བློའི་སྟོང་ཆ་ཆེན་པོ་ཞིག་ལྷག་ཡོད་པ་དང་།སྲོལ་རྒྱུན་གྱི་ཆོས་ལུགས་བསྐྱར་གསོ་དང་ཆོས་ལུགས་ཁག་དར་སྤེལ་གྱིས་དེར་ཁ་གསབ་ཡོང་རྒྱུར་རེ་བ་འཛིན་མཁན་མང་པོ་ཡོད། སྤྱིར་བཏང་རྒྱ་རིགས་ཁྲོད་ནང་ཆོས་འདིར་ཡོངས་ཁྱབ་ཀྱི་ཤུགས་རྐྱེན་ཆེ་ནའང་།ནང་ཆོས་ལ་དམིགས་བསལ་གྱི་ཆོས་སྒོར་འཇུག་པའི་ཆོ་ག་དང་གཏན་འབེབས་ཁ་གསལ་མེད་སྟབས།ཆོས་དད་བྱེད་མཁན་གྱི་གྲངས་འབོར་རྩིས་སྐོར་བྱེད་དཀའ།ཁ་ཤས་ཀྱིས་རག་རྩིས་ལྟར་ན་དུང་ཕྱུར་གཅིག་ལྷག་ཡོད་པར་འདོད།བོད་སྐད་ཀྱི་ནང་ཆོས་དེ་བོད་དང་སོག་པོ།ཡུས་གུའུ།མོན་པ།ཧོར་སོགས་གྲངས་ཉུང་མི་རིགས་ཁྲོད་ཧ་ལམ་མི་རིགས་ཧྲིལ་པོའི་ཆོས་ལུགས་ཆགས་ཡོད་པ་དང་།༡༩༩༡ལོར་ཆོས་དད་མང་ཚོགས་ཁྲི་༧༦༠ལྷག་ཟིན་ཡོད།པ་ལི་སྐད་ཀྱི་ནང་ཆོས་དེ་ཡུན་ནན་ཞིང་ཆེན་ཁོངས་སུ་ཡོད་པའི་ཏའེ་དང་།པུའུ་ལང་།ཏེ་ནང་།ཝ་སོགས་གྲངས་ཉུང་མི་རིགས་ཐུན་མོང་གིས་དད་བཀུར་བྱེད་པ་དང་།༡༩༩༡ལོར་ཆོས་དད་མང་ཚོགས་ཁྲི་༡༥༠ལྷག་ཟིན་ཡོད།རྒྱ་ནག་ཏུ་གསང་སྔགས་དར་སའི་ཡུལ་གཙོ་བོ་ཐང་རྒྱལ་རབས་ཀྱི་རྒྱལ་ས་ཁྲང་ཨན་(དེང་སང་ཞི་ཨན་གྲོང་ཁྱེར)ཡིན་པ་གནའ་རྫས་ཉམས་ཞིབ་པས་ཁུངས་སྐྱེལ་བྱས་ཡོད། ༢དབྱི་སི་ལམ་ཆོས་ལུགས། སྤྱི་ལོ་བརྒྱ་ཕྲག་བདུན་པའི་ནང་ཨ་རབ་ནས་རྒྱ་ནག་ཏུ་དར་བ་དང་།ད་བར་ལོ་༡༣༠༠ལྷག་གི་ལོ་རྒྱུས་ལྡན།དབྱི་སི་ལམ་ལ་སུན་ནི་sunniདང་ཤེེ་ཏེshiite བཅས་ཆོས་རྒྱུད་གཉིས་ཡོད་པ་ལས།རྒྱ་ནག་ཏུ་གཙོ་ཆེ་བ་སུན་ནི་ཆོས་ལུགས་རྒྱུད་འཛིན་མཁན་ཡིན། ཆོས་རྒྱུད་དེ་རྒྱ་ནག་ཏུ་དར་སྐབས།ཀན་སུའུ་ཏུན་ཧོང་བརྒྱུད་སྐམ་ས་ནས་དར་བ་གཅིག་དང་།མཚོ་ཐོག་ནས་ཀོང་ཀྲོའུ་ཞིང་ཆེན་ཆོན་ཀྲོའུ་བརྒྱུད་པ་བཅས་ལམ་ཁ་གཉིས་ནས་དར་ཡོད།ཧོས་དང་ཡུ་གུར།ཐ་ཐར།ཨར་ཁེ་ཙི།ཧ་སག      ཨུ་ཚི་པེཀ    ཏུང་ཞང་།  ཟ་ལར།པའོ་ཨན་སོགས་གྲངས་མི་རིགས་ཀྱི་དད་པ་བྱེད་མཁན་བྱེ་བ་གཉིས་ལྷག་ཡོད།དེ་དག་གཙོ་ཆེར་ཤིན་ཅང་དང་།ཉིན་ཞ།ཀམ་སུའུ།མཚོ་སྔོན།ཡུན་ནན་སོགས་སུ་ཡོད་པ་དང་།ཞིང་ཆེན་དང་ལྗོངས།གྲོང་ཁྱེར་གཞན་དུའང་གང་ཙམ་ཁྱབ་ཡོད། རྒྱ་ནག་གི་དྲ་རྒྱའི་གླེང་སྟེགས་ཐེན་ཡ་ཟེར་བ་སོགས་སུ་དབྱི་སི་ལམ་རྗེས་འཇུག་ཚོ་ཆོས་ལུགས་གཞན་དང་བསྡུར་ན་དྲག་སྤྱོད་ལ་དགའ་བ་དང་།ཤར་ཏུ་ཀེ་སི་ཐན་གྱི་གཏོར་རྒོལ་ལས་འགུལ་དང་།རྒྱ་ནག་གང་སར་ཁྱབ་པའི་ཤིན་ཅང་གི་རྐུན་མ།གྲོང་ཁྱེར་ཁག་ཏུ་ནག་ཚོང་རྒྱག་མཁན་ནང་ཧོས་རིགས་མང་བ་སོགས་ལ་རྒྱ་ཡིག་དྲ་རྒྱར་ཉུལ་མཁན་ཚོས་སྐྱོན་བརྗོད་བྱེད་བཞིན་པ་དང་།ནུབ་རྒྱུད་དུ་ཧོས་རིགས་དང་རྒྱ་རིགས་དབར་རིག་གཞུང་གི་གདོང་ཐུག་རྩོད་གླེང་བྱུང་སྟེ།འཁྲུག་ཟིང་གི་དོན་རྐྱེན་རིམ་བསྟུད་ཐོན་ཡོད་པ་དང་།ཧོས་རིགས་དང་བོད་རིགས་དབར་ལའང་རྩོད་རྙོག་ཡོང་བཞིན་ཡོད། ༣ཡེ་ཤུ་ཆོས་ལུགས། ར་ཕན་ཡེ་ཤུ་ཆོས་ལུགས་ལ་གནམ་བདག་Catholic དང་།ཤར་ཕྱོགས་ཆོས་རྒྱུན་གཙང་མ།ཏུང་ཀྲིན།Orthodox    གསར་མ protestantབཅས་ཆོས་རྒྱུད་གསུམ་ཡོད་པ་ལས།སྤྱི་ལོ་བརྒྱ་ཕྲག་༡༦ནང་རྒྱ་ནག་ཏུ་དར་སྐབས།རྗེས་འཇུག་ཚོས་དད་པ་བྱ་ཡུལ་གྱི་ལྷ་ལ་གནམ་བདག་ཅེས་འབོད་པས་དེ་ལྟར་བཏགས་སྐད།༡༩༤༩ལོར་ཕན་ཊ་གྷོན་དང་རྒྱ་ནག་དབར་རྩོད་གླེང་བྱུང་སྟེ།རྒྱ་གཞུང་གི་སྐུལ་སློང་འོག      རྒྱ་ནག་ཡེ་ཤུ་ཆོས་ལུགས་མཐུན་ཚོགས་ཀྱིས་རང་སྐྱོང།རང་བརྒྱུད།རང་གསོ་ཞེས་རང་གསུམ་ཟེར་བའི་སྲིད་ཇུས་བསྟན་པ་དང་།ཆོས་དཔོན་བསྐོ་བཞག་བྱེད་ཕྱོགས་ཕན་ཊ་གྷོན་ལ་བརྟེན་མི་དགོས་པའི་ཐག་གཅོད་བྱས།དེང་སང་རྒྱ་ནག་གི་ཆོས་རྒྱུད་གསར་མའི་ཚོགས་པ་ཆེ་ཤོས་དེ་ཆགས་ཡོད། རང་གསུམ་གྱི་སྲིད་ཇུས་དེར་ཁས་ལེན་མི་བྱེད་པའི་གླེང་སློང་ཆེ་ཤོས་ནི་གནམ་བདག་ཆོས་ལུགས་ནང་བྱུང་བ་དང་།༡༩༥༧ལོར་པེ་ཅིན་དུ་ཚུགས་པའི་རྒྱ་ནག་གནམ་བདག་ཆོས་ལུགས་རྒྱལ་གཅེས་མཐུན་ཚོགས་ཀྱི་ཚོགས་ཆེན་སྟེང་།རང་གསུམ་སྲིད་ཇུས་ལ་ངོས་ལེན་གྱི་གྲོས་ཆོད་བཞག་སྟབས།རྗེས་འཇུག་པ་མང་དག་ཅིག་ཚོགས་པ་དེ་ལས་ཕྱིར་ཐོན་པ་དང་།དེའི་ཁྲོད་ཀྱི་སྐོར་ཞིག་གིས་མུ་མཐུད་ཕན་ཊ་གྷོན་ལ་བློ་ཕྱོགས་པས།དེ་དག་ལ་གསང་བའི་ཆོས་ཚོགས་ཞེས་ཀྱང་འབོད།རྒྱ་ནག་ཏུ་གཞུང་ལ་ཐོ་འགོད་བྱས་ཟིན་པའི་ཡེ་ཤེས་ཆོས་ལུགས་དང་གནམ་བདག་ཆོས་ལུགས་ཀྱི་རྗེས་འཇུག་པ་བསྡོམས་བྱེ་བ་གཅིག་དང་ས་ཡ་དྲུག་ལྷག་ཡོད་པ་དང་།ཁ་ཤས་ཀྱིས་དངོས་ཡོད་རྗེས་འཇུག་པ་དུས་ཕྱུར་གཅིག་དང་བྱེ་བ་གཉིས་ནས་དུང་ཕྱུར་གཅིག་ང་བྱེ་བ་བཞིའི་བར་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད།མེའོ་དང་ཡའོ།དབྱིས།ལ་ཧུའུ།ཅིན་ཕོ་སོགས་གྲངས་ཉུང་མི་རིགས་རྣམས་ཉེ་བའི་དུས་རབས་སུ་ཡེ་ཤེས་ལ་ཆོས་མགོ་འགྱུར་ཡོད། དེང་སང་རྒྱ་ནག་ནུབ་ལྷོ་ས་ཁུལ་གྱི་གྲངས་ཉུང་མི་རིགས་དང་།ལྷོ་ཤར་ཁུལ་གྱི་རྒྱ་རིགས་ཁྲོད་ཡེ་ཤུ་ཆོས་ལུགས་དར་ཚད་ཧ་ཅང་མགྱོགས་པོ་ཡོད་ཚོད།ཐའེ་ཝན་གྱི་རྩོམ་པ་པོ་ཁྲིན་ཁྲུང་ཁྲིན་གྱི་རྩོམ་ཡིག་ཏུ་ཡེ་ཤུའི་རྗེས་འཇུག་ལོ་རེར་ཆ་སྙོམས་བྱེ་བ་གཉིས་རེ་འཕར་སྣོན་ཡོང་བཞིན་ཡོད་ཚད་བཀོད་འདུག རྒྱ་ནག་ཏུ་ནང་ཆོས་ནི་གླང་ཆེན་ལ་ཞོན་ཏེ་རྒྱ་ནག་ལ་ཕེབས་པ་དང་།ཡེ་ཤུ་ཆོས་ལུགས་ནི་སྒྱོགས་མདེལ་ཞོན་ནས་འཕུར་ཡོང་བ་ཞིག་རེད་ཅེས་པའི་བཤད་སྲོལ་ཡོད། ༤  ཏའོ་ཆོས་ལུགས། ཏའོ་ནི་སྤྱི་ལོ་བརྒྱ་ཕྲག་གཉིས་པའི་ནང་རྒྱ་ནག་རང་གི་ས་ཐོག་ནས་དར་བའི་ཆོས་ལུགས་ཤིག་སྟེ།གནའ་རབས་སུ་ལྷ་འདྲེ་ལ་དད་བཀུར་བྱེད་པའི་བསམ་བློའི་རྨང་གཞིའི་སྟེང་རིན་བཞིན་ལྟ་གྲུབ་ཀྱི་སྒྲུབ་བྱེད་བཀོད་དེ་གྲུབ་པ་ཞིག་ཡིན།ཏའོ་ཞེས་པ་བོད་སྐད་ཀྱི་ལམ་དང་གོ་དོན་ཐག་ཉེ་ཞིང་།ཆོས་ལུགས་འདིས་ཏའོ་ནི་ཡོད་ཚད་འདིའི་ནང་སྡུད་པ་དང་།རྣམ་པ་ཐམས་ཅད་དུ་གནས་པ།མཐའ་དག་གི་མགོ་རྩོམ་ས་ཏའོ་ཡིན་པའི་འགྲེལ་བཤད་རྒྱག་གི་ཡོད།ཏའོ་དང་མཉམ་དུ་ཏེ་ཟེར་བ་ཞིག་སྦྱོར་བ་ནི་བོད་སྐད་དུ་སྤྱོད་པ་དང་གོ་དོན་ཉེ་བ་སྟེ།ཏའོ་ཏེ་གཉིས་ལྷན་དུ་སྦྱར་ན་ཀུན་སྤྱོད་ལ་གོ་ཆོག      ཆོས་ལུགས་འདིས་སྒྲུབ་པ་ཉམས་ལེན་ལ་བརྟེན་ནས་ཀུན་སྤྱོད་ལེགས་བཅོས་སྐོར་རྩལ་འདོན་བྱེད་བཞིན་པ་དང༌།རང་བྱུང་དང་སྤྱི་ཚོགས་ལ་འཆམ་མཐུན་དགོས་གལ་ཆེ་བའི་ལྟ་བ་སྒྲོག་བཞིན་ཡོད། བརྒྱ་ཕྲག་བཅུ་གཉིས་པའི་རྗེས། ཆོན་ཀྲིན་ཏའོ་དང་ཀྲིན་ཡི་ཏའོ་ཟེར་བའི་ཆོས་རྒྱུད་ཁག་གཉིས་སུ་གྱེས་ཏེ། སྔ་མ་དེའི་རྗེས་འཇུག་པ་རྣམས་ཁྱིམ་ཐབ་མི་འཛིན་པར།དབེན་གནས་སུ་དཀར་ཟས་སྤྱོད་བཞིན་སྒྲུབ་པ་ཉམས་ལེན་ལ་འཇུག་པ་དང་།རྗེས་མ་དེས་ཁྱིམ་ཐབ་བཟུང་སྟེ་ལྷ་འདུལ་འདྲེ་འདུལ་གྱི་བྱ་བ་གཙོ་བོར་བྱེད། ཏའོ་ཡི་གསོ་རིག་གི་མན་ངག་དུ་མ་རྒྱ་ནག་ཏུ་ཧ་ཅང་གྲགས་ཆེ། ཐའེ་ཝན་དང་ཧོང་ཀོང་། ཨའོ་མིན་བཅས་རྒྱ་རིགས་འདུ་སྡོད་བྱ་ཡུལ་དུ་ཆོས་ལུགས་འདིའི་ལྷ་ཁང་མང་བ་མ་ཟད། རྒྱ་རིགས་གནས་སྡོད་བྱ་ཡུལ་གྱི་ཕྱི་གླིང་ཡུལ་གྲུ་ཁག་ཏུའང་ལྷ་ཁང་གང་སར་མཐོང་རྒྱུ་ཡོད། རྒྱ་ནག་ཏུ་ལོ་རྒྱུས་ཐོག་གི་གྲགས་ཅན་དཔའ་བོ་ཀོན་ཡུས་དང་མཱ་ཙུའུ་སོགས་ལ་དད་བཀུར་བྱེད་པའི་རིགས་ཤིག་དང་།གྲོང་གསེབ་ཏུ་ལྷ་སྲུང་དང་གཞིས་བདག་ལ་མཆོད་བཀུར་བྱེད་པའི་རིགས་ཤིག་ཡོད་པ་འདི་དག་ཏའོ་ཡི་ཁོངས་སུ་འདུ་མིན་ཐད་རྩོད་གླེང་ཡོད་པ་དང་། ཁ་ཤས་ཀྱིས་རྒྱ་ནག་གི་སྲོལ་རྒྱུན་ཆོས་ལུགས་ཞེས་ལོགས་སུ་དགར་གྱི་ཡོད། འདིའི་རིགས་རྒྱ་ནག་ལྷོ་རྒྱུད་དུ་དར་སོ་ཆེ་ནའང་། རྒྱལ་ཡོངས་རང་བཞིན་གྱི་སྒྲིག་འཛུགས་ཤིག་མེད། ཁ༽ རྒྱ་ནག་གི་ཆོས་ལུགས་ལས་དོན་དོ་དམ། ༡) ཆོས་ལུགས་ལས་དོན་གྱི་ཁྲིམས་ཡིག རྩ་ཁྲིམས་དོན་ཚན་༣ནང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ཆོས་ལུགས་དད་མོས་ཀྱི་ རང་དབང་ཡོད་ཅེས་བཀོད་པ་དང་།༡༩༨༩ལོའི་ཟླ་༣པར།ཆོས་ལུགས་ལས་རིགས་ཀྱི་མི་སྣས་་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆོས་ལུགས་བཅའ་ཁྲིམས་ཀྱི་འཆར་ཟིན་ཞིག་རྒྱལ་ཡོངས་དམངས་འཐུས་རྒྱུན་ལས་སུ་ཕུལ་བར། ཁྲིམས་བཟོའི་དམིགས་ཡུལ་ཆོས་ལུགས་དད་མོས་རང་དབང་ལ་འགན་སྲུང་་བྱ་རྒྱུ་དེ་ཡིན་ནམ། ཡང་ན་་ཆོས་ལུགས་ལ་དོ་དམ་བྱ་རྒྱུ་ཡིན་མིན་གྱི་རྩ་དོན་ཐད་ཆོས་ལུགས་མི་སྣ་དང་ཁྲིམས་བཟོ་དབང་འཛིན་པའི་དབར་རྩོད་གླེང་བྱུང་སྟེ། གཏན་འབེབས་བྱེད་མ་ཐུབ་པས། ད་བར་ནར་འགྱངས་སུ་སོང་ཡོད། རྒྱ་གཞུང་གིས་ཆོས་ལུགས་དད་མོས་དང་ཆོས་ལུགས་ཀྱི་ལམ་ལུགས་གཉིས་ཐ་དད་ཡིན་པ་དང་། ཆོས་ལུགས་དད་མོས་ནི་བསམ་བློའི་གནད་དོན་ཞིག་ཡིན་པས་དེར་བརྩི་བཀུར་བྱེད་དགོས་པ་དང་། ཆོས་ལུགས་ལམ་ལུགས་ནི་ཕལ་ཆེ་བ་བཀས་བཀོད་རྒྱུན་འཛིན་གྱི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་ལམ་ལུགས་ཤིག་ཡིན་པས།དེར་བསྒྱུར་བཅོས་བྱེད་དགོས་པ་དང་བྱེད་ཆོག་པའི་ངོས་འཛིན་བྱེད་ཀྱི་ཡོད། རྒྱ་གཞུང་གིས་འཛིན་སྐྱོང་གི་ཁྲིམས་ཡིག་ཁ་ཤས་གཏན་འབེབས་བྱས་ཡོད་པ་ནི། ༡ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ས་ཁོངས་ཕྱི་ནང་གི་རྒྱལ་དམངས་ཀྱི་ཆོས་ལུགས་བྱེད་སྒོ་དོ་དམ་གྱི་གཏན་འབེབས།༡༩༩༤ཟླ༡ཚེས༣༡ཉིན། ༢ཆོས་ལུགས་དོ་དམ་གྱི་སྲོལ་ཡིག༢༠༠༤ཟླ༧ཚེས༧ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་ཆེན་ཐེངས༥༧་སྟེང་གྲོས་འཆམ་བྱུང་བ་དང་།༢༠༠༥ཟླ༣ཚེས༡ཉིན་མགོ་འཛུགས་བྱས།ལེའུ་བདུན་དང་དོན་ཚན་ཞེ་བརྒྱད་ཅན་གྱི་སྲོལ་ཡིག་འདི་རྒྱ་གཞུང་གི་ཆོས་ལུགས་ལས་དོན་ཐད་ཀྱི་གཞི་འཛིན་སའི་ཁྲིམས་ཡིག་གལ་ཆེ་ཤོས་དེ་ཆགས་ཡོད། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱིས་གཏན་འབེབས་བྱས་པའི་སྒྲིག་གཞི། ༡ཆོས་ལུགས་ཚོགས་སྡེ་ཐོ་འགོད་དོ་དམ་ལག་བསྟར་བྱེད་ཐབས།༡༩༩༡ཟླ༥པར་དམངས་སྲིད་ལས་ཁུངས་དང་མཉམ་དུ་བསྒྲགས། ༢ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཐོ་འགོད་བྱེད་སྟངས།༡༩༩༤ལོ།འདི་ཆོས་ལུགས་ལས་དོན་གྱི་སྲོལ་ཡིག་ཁྱབ་བསྒྲགས་བྱས་ཉིན་ནས་ཕྱིར་བསྡུ་བྱས་འདུག ༣ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ལོ་འཁོར་ཞིབ་བཤེར་བྱེད་སྟངས།༡༩༩༦ལོ། ༤བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་བྱེད་ཐབས།༢༠༠༧ཟླ༩ཚེས༡ཉིན་ལག་བསྟར་མགོ་འཛུགས་བྱས་ཡོད།དོན་ཚན་༡༤ཅན་གྱི་ཁྲིམས་ཡིག་འདིས་བོད་ཀྱི་བླ་སྤྲུལ་ཡོངས་རྫོགས་སྙན་གྲགས་ཆེ་ཆུང་རིམ་པ་བཞིན།ཞིང་ཆེན་ནམ་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཚན་དང་།རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས།རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ནས་ངོས་འཛིན་ཆོག་མཆན་སྤྲོད་དགོས་པའི་གཏན་འབེབས་བྱས་པ་དང།ལོ་རྒྱུས་སྟེང་གསེར་བུམ་དཀྲུག་འདོན་གནང་མྱོང་བའི་སྤྲུལ་སྐུ་རིགས་བརྒྱུད་རིམ་དེ་བརྒྱུད་དགོས་པ་བཟོས་ཡོད།ད་དུང་སྤྲུལ་སྐུ་ངོས་འཛིན་བྱེད་པ་ལ་ཆ་རྐྱེན་གསུམ་དང་།ངོས་འཛིན་བྱེད་མི་ཆོག་པའི་ཆ་རྐྱེན་གཉིས་བཀོད་ཡོད་ལ།ཡང་སྲིད་ངོས་འཛིན་ཐད་ས་ཁོངས་ཕྱི་ལོགས་ཀྱི་སྒྲིག་འཛུགས་དང་མི་སྒེར་སུ་རུང་གིས་ཐེ་བྱུས་བྱེད་མི་ཆོག་ཚུལ་གསལ་འདོན་བྱས་ཡོད། ག༽ ཆོས་ལུགས་ལས་དོན་ལ་འཛིན་སྐྱོང་། རྒྱ་ནག་ནི་འཛམ་གླིང་སྟེང་ཆོས་ལུགས་དོ་དམ་ལས་ཁུངས་ཆེད་བཙུགས་ཀྱིས།ཆོས་ལུགས་ལས་དོན་ལ་ཕྱོགས་ཡོངས་ནས་འཛིན་སྐྱོང་བྱེད་མཁན་རྒྱལ་ཁབ་ཉུང་ཤས་ཤིག་མ་གཏོགས་མེད་པའི་ཁྲོད་ཀྱི་གཅིག་ཡིན། སྲིད་གཞུང་གིས་ཆོས་ལུགས་ཀྱི་སྲོལ་རྒྱུན་ལ་དེ་ཙམ་དོ་སྣང་མི་བྱེད་པར། ཆོས་ལུགས་སྒྲིག་འཛུགས་དང་། ཆོས་ལུགས་ལས་དོན་མི་སྣའི་ལས་འགན་བསྐོ་འཇོག་ལ་སྟངས་འཛིན་གྱི་བྱེད་ཐབས་འཛིན་གྱི་ཡོད། དེ་ཡང་དབུས་གཞུང་ནས་རྫོང་རིམ་པ་བར་ཆོས་ལུགས་ལས་དོན་གྱི་ལས་ཁུངས་ཆེད་དུ་བཙུགས་ཡོད་པ་དེ་དག་བརྒྱུད་འཛིན་སྐྱོང་བྱེད་ཅིང་། དེ་ལྟར་བྱེད་པའི་དམིགས་ཡུལ་ནི་ས་ཁོངས་ཕྱི་ལོགས་ཀྱི་དགྲར་འཛིན་སྟོབས་ཤུགས་ཀྱིས་ཆོས་ལུགས་ཁ་ལ་འཁྱེར་ནས་རྒྱ་ནག་མགོ་རྟིང་སློག་རྒྱུ་དང་།སྤྱི་ཚོགས་བརྟན་ལྷིང་ལ་གནོད་སྐྱོན་གཏོང་བ་འགོག་སྲུང་ཆེད་ཡིན་ལུགས་བགྲང་གི་ཡོད། རྒྱ་གཞུང་གིས་མི་སྒེར་གྱིས་ཆོས་ལུགས་གང་ཞིག་ལ་དད་པ་བྱེད་མིན་ཐད་ཚོད་ འཛིན་དམིགས་བསལ་དུ་བྱེད་ཀྱི་མེད་ནའང་། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་གཞི་ཁྱོན་དང་། གསར་འགྱུར་བརྒྱུད་ལམ་དུ་ཁྱབ་སྤེལ། མི་ཚོགས་འབོར་ཆེན་འདུ་འཛོམས་སོགས་ཀྱི་ཐད་ལ་བཏང་འཛིན་ཤུགས་ཆེར་བྱེད་བཞིན་ཡོད།རྒྱ་ནག་གི་རྩ་ཁྲིམས་སུ་སྤྱི་དམངས་ལ་ཆོས་ལུགས་དད་མོས་ཀྱི་རང་དབང་ཡོད་ཚུལ་གསལ་རུང་།ཆོད་དད་ཀྱི་བྱེད་སྒོ་སྤེལ་རྒྱུའི་རང་དབང་སྐོར་གསལ་ཁ་བཀོད་མེད་སྟབས། ཏང་དང་སྲིད་གཞུང་གིས་རྒྱུ་མཚན་ལྟར་སྣང་ཅི་རིགས་ཀྱིས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་རྒྱུར་ཚོད་འཛིན་བྱེད་ཐུབ་ཀྱི་ཡོད་ལ། དེ་ལྟར་བྱེད་བཞིན་པ་ཡིན། རྒྱ་གཞུང་གིས་ངོས་ལེན་ཡོད་པའི་ཆོས་ལུགས་ཆེན་པོ་ institutional religion ལྔ་ཡོད་པ་དང་། དེའི་ཁོངས་སུ་ཡེ་ཤུ་དང་གནམ་བདག་གཉིས་ལོགས་སུ་བཀར་ཡོད། རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་སྡེ་བརྒྱད་ཡོད་ཁོངས་སུ་ཡེ་ཤུ་ལ་རྒྱལ་ཡོངས་རང་བཞིན་གྱི་ཚོགས་སྡེ་གཉིས་དང་གནམ་བདག་ལ་གསུམ་ཡོད། རྒྱ་ནག་གི་གྲོང་གསེབ་ཁག་ཏུ་ལྷ་གསོལ་ཀླུ་མཆོད་ཀྱི་སྲོལ་རྒྱུན་འདྲ་མིན་དར་ཆེ་བ་དེའི་རིགས་རྒྱ་གཞུང་གིས་དེ་སྔོན་“བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་དུ་བརྩིས་ཏེ་བཀག་སྡོམ་བྱས་ཡོད་ནའང་། བཅོས་བསྒྱུར་སྒོ་འབྱེད་བྱས་རྗེས། ས་གནས་ཀྱི་ཡུལ་སྐོར་ལས་རིགས་ལ་སྐུལ་འདེད་དང་། སྤྱི་ཚོགས་འཕོ་འགྱུར་མགྱོགས་པའི་གནས་སྐབས་སུ་གྲོང་གསེབ་ཁག་ཏུ་དམངས་སེམས་བདེ་ལ་དབབ་རྒྱུར་དགེ་མཚན་ཡོད་པའི་རྒྱུ་མཚན་སོགས་ལ་གཞིགས་ཏེ།དེང་སང་དམིགས་བསལ་བཀག་སྡོམ་གྱི་བྱེད་ཐབས་འཛིན་གྱི་མེད། ང་།  རྒྱ་ནག་གི་ཆོས་ལུགས་གནད་དོན། ཐའེ་ཝན་དབྱི་ཏ་ཚོང་ལས་ལག་རྩལ་སློབ་གླིང་གི་སློབ་དཔོན་ཆེན་མོ་གཞོན་ན་ཁྲིན་ཁྲུང་གྱིས་བྲིས་པའི་རྒྱ་ནག་གི་ཆོས་ལུགས་གནད་དོན་ཟེར་བའི་ནང་བཀོད་པ་ལྟར་ན།བཅོས་བསྒྱུར་སྒོ་འབྱེད་ནས་བཟུང་།རྒྱ་གཞུང་གི་མནར་གཅོད་ཕོག་མྱོང་མཁན་གྱི་ཆོས་ལུགས་མི་སྣ་ཁྲི་༡༢༢༢ལྷག་བརྒལ་བ་དང་།རྒྱ་གཞུང་གིས་ཆོས་ལུགས་ཀྱི་གནད་དོན་དེ་དད་མོས་ཙམ་ཞིག་མ་ཡིན་པར།མི་རིགས་ཀྱི་གནད་དོན་དང་།རྒྱལ་ཁབ་བདེ་འཇགས་ལ་ཐད་ཀར་འབྲེལ་བའི་གནད་དོན་ཞིག་ལ་ངོས་འཛིན་བྱས་ཏེ།ཆོས་ལུགས་ལས་དོན་ལ་མིན་བཞི་དང་མི་ཆོག་པ་ལྔ་ཡི་སྲིད་ཇུས་བཟུང་ཡོད།མིན་བཞི་ནི།རྒྱལ་ཁབ་ཕྱིའི་ཆོས་ལུགས་དང་ཆབ་སྲིད་ཀྱི་རྒྱལ་སྤྱིའི་སྒྲིག་འཛུགས་དང་ཚོགས་སྡེ་ཁག་ལ་འབྲེལ་གཏུགས་དང་འགྲོ་འོང་བྱ་རྒྱུ་མིན།ཕྱི་རྒྱལ་གྱི་ཆོས་ལུགས་ཚོགས་སྡེས་བཀོད་སྒྲིག་བྱས་པའི་ཆོས་ལུགས་ཆབ་སྲིད་རང་བཞིན་གྱི་བྱེད་སྒོར་འཛུལ་ཞུགས་བྱ་རྒྱུ་མིན།ཕྱི་རྒྱལ་གྱི་ཆོས་ལུགས་སྒྲིག་འཛུགས་དང་ཚོགས་སྡེའི་ཆོས་ལུགས་ཆབ་སྲིད་རང་བཞིན་གྱི་བྱེད་སྒོར་འཛུལ་མཉམ་ཞུགས་བྱ་རྒྱུ་མིན་པ་བཅས་ལ་ཟེར་བ་དང་།མི་ཆོག་པ་ལྔ་ནི།ཆོས་ལུགས་སྒྲིག་འཛུགས་དང་ཚོགས་སྡེ་ཁག་གིས།ས་ཁོངས་ཕྱི་ལོག་དང་ཕྱི་རྒྱལ་གྱི་ཆོས་ལུགས་སྒྲིག་འཛུགས་དང་ཚོགས་སྡེ་དབར་སྒྲིག་འཛུགས་དང་ཆབ་སྲིད་ཀྱི་སྟེང་ནས་གཅིག་འོག་གཅིག་འདུས་ཀྱི་འབྲེལ་བ་བཙུགས་མི་ཆོག་པ་དང་།ཆོས་ལུགས་སྒྲིག་འཛུགས་དང་ཚོགས་སྡེ་ཁག་གིས་ཆོས་ལུགས་ཁྱབ་སྤེལ་ཁ་ལ་གཡར་ནས་ཆབ་སྲིད་རང་བཞིན་གྱི་སྤྱི་ཚོགས་བྱེད་བརྩམས་མི་ཆོག    ཆོས་ལུགས་སྒྲིག་འཛུགས་དང་ཚོགས་སྡེ་ཁག་གིས་ཆོས་ལུགས་ཁྱབ་སྤེལ་ཁ་ལ་གཡར་ནས་རྩ་ཁྲིམས་ལ་ངོ་རྒོལ་དང་།རྩ་ཁྲིམས་ལ་འགྲན་སློང་གི་བྱེད་སྒོ་སྤེལ་མི་ཆོག     ཆོས་ལུགས་སྒྲིག་འཛུགས་དང་ཚོགས་སྡེ་ཁག་གིས་ཏང་སྲིད་ལས་ཁུངས་དང་སྲིད་ཁྲིམས།   ཁྲིམས་འཛིན་མ་ལག་བཅས་པར་རྗེས་འཇུག་པ་སྐུལ་སློང་དང་།ལས་ཁུངས་འཛུགས་པ་སོགས་ཀྱི་བྱེད་སྒོ་སྤེལ་མི་ཆོག       ཆོས་ལུགས་སྒྲིག་འཛུགས་དང་ཚོགས་སྡེ་ཁག་གིས་གྲོང་གསེབ་ཏུ་ཆོས་ལུགས་ཁྱབ་སྤེལ་དང་།རྗེས་འཇུག་སྐུལ་སློང་ཁ་ལ་གཡར་ནས།ཤོག་སྒྲིག་རང་བཞིན་གྱི་ཆབ་སྲིད་སྒྲིག་འཛུགས་བཙུགས་མི་ཆོག་པ་བཅས་ནི་ད་ལྟའི་ཆར་རྒྱ་གཞུང་གིས་ཆོས་ལུགས་ལས་དོན་ལ་འཛིན་པའི་བྱེད་ཕྱོགས་སྲིད་ཇུས་དང་།ལངས་ཕྱོགས་ཡིན་པའི་འགྲེལ་བརྗོད་བྱས་འདུག

Read More »

རྒྱ་ནག་གི་དཔལ་འབྱོར།

ལོ་རབས་བརྒྱད་ཅུ་ནས་བཟུང༌། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ལ་མངོན་གསལ་གྱི་གྲུབ་འབྲས་ཐོབ་ཡོད་པ་དང༌།འཛམ་གླིང་གི་བཟོ་གྲྭ་ཟེར་བའི་མིང་ཐོགས། ༢༠༠༦ ཟླ་༤ ནང༌། སྲིད་བློན་ཝུན་ཅ་པའོ་ཡིས་ཁས་ལེན་བྱས་པ་ལྟར་ན། རྒྱ་ནག་གི་༢༠༠༦ ཟླ་༢ ཟླ་མཇུག་བར་གྱི་ཕྱི་དངུལ་གསོག་ཚད་ཨ་སྒོར་དུང་ཕྱུར་༨༥༣༧ ལ་སླེབས་ཏེ། འཛམ་གླིང་གི་ཕྱི་དངུལ་གསོག་ཚད་མཐོ་ཤོས་ཨང་དང་པོ་ཆགས་འདུག ༢༠༠༧ ལོར་ཕྱི་དངུལ་གསོག་ཚད་ཨ་སྒོར་དུང་ཕྱུར་༡༥༢༨༢ ལ་སླེབས་པ་དང་། GDP ཨ་སྒོར་དུང་ཕྱུར་༢༢༤༡༩ དང༌། དེའི་འཕར་ཚད་༡༡༤ ཟིན་ལ། མི་རེའི་ཆ་སྙོམས་ GDP ཨ་སྒོར་༢༤༥༤ སླེབས་ཡོད། འོན་ཀྱང་འཕེལ་རྒྱས་དེའི་རྒྱབ་ལོགས་སུ། ས་ཁུལ་བར་གྱི་འཕེལ་རྒྱས་དོ་སྙོམས་མེད་པ་དང་། དབུལ་ཕྱུག་བར་ཁྱད་ཆེ་བ། ཞིང་གསུམ་(ཞིང་པ་དང་ཞིང་སྡེ། ཞིང་ལས།) གྱི་གནད་དོན་སོགས་དཀའ་ཉེན་འབུར་དུ་བཏོད་ཡོད། དེ་བཞིན་འཛུགས་སྐྲུན་ལས་གཞི་ལས་བསྐྱེད་པའི་མཁའ་རླུང་སྦགས་བཙོག་དང་། ས་རྒྱུ་བསླད་སྐྱོན། བྱང་རྒྱུད་ཀྱི་ས་འོག་ཆུའི་གསོག་ཚད་ཇེ་ཉུང་དུ་ཕྱིན་པ་སོགས་ནི་རྒྱ་ནག་ལ་དུས་ཡུན་རིང་པོར་འཕྲད་རྒྱུའི་ཁོར་ཡུག་ཉམས་ཆག་གི་དཀའ་ཉེན་ཡིན་ཞིང་། རྒྱ་ནག་གིས་རྒྱ་སྒོར་གྱི་ཛ་ཐང་རྐང་བཙུགས་ནས་དམའ་རུ་བཏང་སྟེ། དཔལ་འབྱོར་གོང་སྤེལ་གྱི་ཐབས་ཤེས་སུ་སྤྱོད་པ་དེར་དེང་སང་ཨ་རི་དང་ཡོ་རོབ་སོགས་ཀྱིས་གནོན་ཤུགས་ཇེ་ཆེར་འགྲོ་བཞིན་པ་དེས། ཕྱིར་ཚོང་ལ་ཤུགས་ཆེར་བརྟེན་པའི་རྒྱ་ནག་གི་དཔལ་འབྱོར་ལ་འགལ་རྐྱེན་འཕྲད་བཞིན་པ་དང་། རྒྱ་ནག་གི་དངུལ་ཁང་མ་ལག་བརྟན་པོ་མེད་པ་དེས ང་དཀའ་ཉེན་གསར་པ་སྤྲོད་སྲིད་པའི་བློ་དོགས་བྱེད་མཁན་ཡོད། ༢༠༠༦ ཟླ་༩ ཚེས་ཉིན། སྲིད་བློན་གཞོན་པ་ཅིན་ཕེ་ཡན་གྱིས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་དགེ་སྐྱོན་གླེང་སྐབས། རྒྱ་ནག་ཏུ་མི་དུ་མི་འབོར་མང་བ་དང་། གཞི་རྐང་བརྟན་པོ་མེད་པ། འཕེལ་རྒྱས་དོ་མི་སྙོམས་པ་དང་། མི་རེའི་ཆ་སྙོམས་ GDP ད་དུང་འཛམ་གླིང་གི་མདུན་གྲས་བརྒྱ་ཐམ་པའི་རྗེས་སུ་ལུས་ཤིང་། (ཐོན་སྐྱེད་ཀྱི་རྒྱུ་སྤུས་དང་གྲུབ་ཆ། ཕན་ནུས་དང༌། ལག་རྩལ་ཀྱི་གནས་ཚད་རང་འཇགས་ཡོད་པ་གང་ཞིག མ་རྩ་དང་ངལ་རྩོལ་ནུས་ཤུགས་འབོར་ཆེར་གཏོང་བ་དང་། གཞི་ཁྱོན་རྒྱ་བསྐྱེད་ཀྱིས། འཕེལ་རྒྱས་ཀྱི་གྲངས་ཐོ་ཙམ་གཙིགས་སུ་འཛིན་པའི་ Extensive economic growth )དཔལ་འབྱོར་འཕེལ་རྒྱས་འགྲོ་སྟངས་ལ་ད་དུང་ལེགས་བཅོས་བྱེད་ཐུབ་མེད་ལ། དཔལ་འབྱོར་གྱི་གྲུབ་ཚུལ་ཚད་མཐུན་མིན་པ་དང་། རང་སྟོབས་ཀྱིས་གསར་གཏོད་བྱེད་པའི་ནུས་པ་དམན་པ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཐོན་ཁུངས། ཁོར་ཡུག་གི་འགལ་ཟླ་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་པ་སོགས་བཤད་ཡོད། ༡) དཔལ་འབྱོར་འཕེལ་རྒྱས་ཀྱི་འཕོ་རིམ། སློབ་དཔོན་ཆེན་མོ་ཀྲའོ་ཏེ་ཧྲིན་གྱིས་རྒྱ་ནག་གི་དཔལ་འབྱོར་འཕེལ་རིམ་དུས་ཚིགས་བཞིར་དབྱེ་ཡོད་པ་སྟེ། ༡། དུས་ཚིགས་དང་པོ། (༡༩༤༩_༥༦) ཐོན་སྐྱེད་བསྐྱར་གསོ་དང་འཕེལ་རྒྱས་ཀྱི་བར་བརྒལ་དུས་ཚིགས། ༡༩༤༩ ཟླ་༡༠ ནས་༡༩༥༢ ལོ་བར། ་ཕྱེད་མི་སེར་སྤེལ་ཡུལ་དང༌། ཕྱེད་བཀས་བཀོད་རྒྱུད་འཛིན་གྱི་དཔལ་ འབྱོར་རྣམ་པ་དེ་་དམངས་གཙོ་རིང་ལུགས་གསར་པའི་དཔལ་འབྱོར་རྣམ་པ་རུ་བསྒྱུར་ཐབས་བྱས་ཏེ། རྒྱ་ནག་གི་ཐོན་སྐྱེད་ནུས་ཤུགས་རི་འགོག་དམག་འཁྲུག་”མ་བྱུང་གོང་གི་ཆུ་ཚད་ལ་སླེབས་ཐུབ་ཡོད། ༡༩༥༣ ནས་༡༩༥༦ བར། ་དམངས་གཙོ་རིང་ལུགས་གསར་པའི་དཔལ་འབྱོར་རྣམ་པ་་དི་“སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་རྣམ་པ་རུ་བསྒྱུར་ཆེད། གཞི་རྒྱ་ཆེ་བའི་དཔལ་འབྱོར་འཛུགས་སྐྲུན་བྱེད་མགོ་བརྩམས་ཡོད། ༢། དུས་ཚིགས་གཉིས་པ། (༡༩༥༧_༦༦) ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་ཀྱི་དུས་ཚིགས། ༡༩༥༧ ནས་༡༩༦༠ བར། “དར་དམར་གསུམ་མངོན་དུ་འགྱུར་ཆེད། སུའུ་ལན་ནས་སྦྱངས་པའི་བྱེད་ཐབས་ཀྱིས་བཅོས་བསྒྱུར་བྱས་པས། གཡོན་གྱི་བསམ་བློའི་ལམ་སྟོན་དང་། ཉམས་མྱོང་མེད་པ་ལ་བརྟེན་ནས་ཕམ་ཉེས་སུ་ཕྱིན། ༡༩༦༡ནས་༡༩༦༦ བར། ་རིམ་པ་གསུམ་ལ་དབང་བ་དང་། རུ་ཁག་རྨང་གཞིར་འཇོག་ཟེར་བའི་དབང་བའི་ལམ་ལུགས་བྱུང་སྟེ། དཔལ་འབྱོར་ལམ་ལུགས་བཅོས་བསྒྱུར་ལ་ཚོད་ལྟ་བྱས། ༣། དུས་ཚིགས་གསུམ་པ། (༡༩༦༧_༧༦) ༡༩༦༧ ནས་༡༩༧༡ བར། དཔལ་འབྱོར་བཅོས་སྒྲིག་གི་དུས་ཚིགས། རིག་གནས་གསར་བརྗེ་ཆེན་པོའི་དུས་རིམ་ཐོག་མར་ནང་འཁྲུག་རྒྱ་ཁྱབ་ཏུ་བྱུང་སྟེ། དཔལ་འབྱོར་ཉམས་རྒུད་ཚབས་ཆེ་བྱུང༌། ༡༩༧༢ ནས་༡༩༧༦ བར། ཀྲོའུ་ཨིན་ལེ་དང་ཏིན་ ན་གྱིས་དཔལ་འབྱོར་བཅོས་སྒྲིག་གི་གཙོ་འགན་བླངས་ཏེ། ཡར་རྒྱས་ཀྱི་རྣམ་པ་མངོན། ༤། དུས་ཚིགས་བཞི་བ། ༡༩༧༧ ནས་༡༩༧༨ བར། ་མི་བཞི་ཤོག་ཁག་”ཕམ་པར་བརྒྱབ་སྟེ། གཡོན་གྱི་བསམ་བློར་དག་ཐེར་བྱེད་པའི་དུས་ཚིགས། ༡༩༧༩ ནས་༡༩༨༢ བར། ་དེང་རབས་ཅན་བཞི”ཡི་དམིགས་ཚད་བཏོན་པ་དང་། ་ལེགས་སྒྲིག བཅོས་བསྒྱུར། དག་ཐེར། མཐོར་འདེགས་་བཅས་ཡིག་འབྲུ་བརྒྱད་ཀྱི་བྱེད་ཐབས་བསྟན། ༡༩༨༣ རྗེས། ་རང་ཉིད་ཀྱི་ལམ་ལ་བསྐྱོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཞེས་ཏང་གི་ཚོགས་ཆེན་བཅུ་གཉིས་པའི་སྟེང་གཏན་འབེབས་བྱས་པའི་འཐབ་ཇུས་དེ་དཔལ་འབྱོར་འཛུགས་སྐྲུན་གྱི་དམིགས་ཡུལ་དུ་བཟུང་སྟེ། བཅོས་བསྒྱུར་སྒོ་འབྱེད་ཀྱི་དུས་རིམ་གསར་བར་སླེབས་ཡོད། བོད་ཀྱི་ས་ཁུལ་མང་དག་ཅིག་དུས་ཚིགས་དང་པོའི་སྐབས་ད་དུང་“བཅིངས་འགྲོལ་”གྱི་དུས་རིམ་ལ་འཁེལ་བས། དགར་སྟངས་འདི་ཏག་ཏག་ཅིག་འཇུག་མི་ཐུབ་ལ། ༡༩༥༩ ལོའི་གསུམ་བཅུ་དོན་རྐྱེན་རྗེས་ཀྱི་དུས་ཚིགས་གསུམ་བཞི་གཉིས་བོད་ལའང་ཡོངས་ཁྱབ་ཏུ་སྦྱར་རུང་། ༢) “འཛམ་གླིང་གི་བཟོ་གྲྭ། རྒྱ་ནག་ལ་“འཛམ་གླིང་གི་བཟོ་གྲྭ་”ཞེས་པའི་མིང་འདི་ཉི་ཧོང་གི་གཞུང་འབྲེལ་རྒྱབ་ཤ་དཀར་པོའི་དེབ་ཅིག་ལས་བྱུང་བ་དང༌། རྒྱ་ནག་གི་མཁས་པ་ཚོས་ཤོད་སྟངས་འདིར་ཁས་ལེན་མི་བྱེད་པ་མ་ཟད། འདི་ནི་ནུབ་ཕྱོགས་རྒྱ་རྒོལ་སྟོབས་ཤུགས་ཚོས་རྒྱ་ནག་དར་འཕེལ་དུ་ཕྱིན་པ་དེས་འཛམ་གླིང་ ན་ཁ་བཟོ་སྲིད་པའི་གླེང་ཕྱོགས་ཤིག་ཆེད་དུ་སྒྲོག་བཞིན་པ་དེ་ལས་མཆེད་ཚུལ་གྱི་སྐྱོན་བརྗོད་བྱེད་བཞིན་ཡོད། ༢༠༠༤ ཟླ་༤ ནང༌། www.china.com དྲ་གནས་ཐོག་འཛམ་གླིང་གི་བཟོ་གྲྭ་ནི་ད་དུང་རྒྱ་ནག་དང་བར་ཁྱད་ཧ་ཅང་ཆེ་”ཟེར་བའི་ཆེད་སྒྲིག་ལེ་ཚན་ཞིག་བཟོས་པ་དང་། ལོ་དེར་“པོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་”སུ་ཚོགས་ཞུགས་བྱེད་མཁན་ཚོར་བཅར་འདྲིའི་ལམ་ནས་རྩོམ་ཡིག་འགོད་སྤེལ་བྱས་འདུག “རྒྱ་ནག་བཅོས་བསྒྱུར་སྒོ་འབྱེད་གླེང་སྟེགས་”ཀྱི་འགན་འཛིན་ཀྲིན་པི་ཅན་གྱིས། རྒྱ་ནག་ལ་འཛམ་གླིང་རིམ་པའི་བཟོ་སྐྲུན་རྟེན་གཞི་གསུམ་ཙམ་ཡོད་རུང་། བཟོ་སྐྲུན་ལས་རིགས་ཀྱི་སྟོབས་ལྡན་རྒྱལ་ཁབ་ཅིག་ཏུ་བགྲང་མི་འོས། གྲངས་ཐོ་གཞིར་བཟུང་ཚེ། རྒྱ་ནག་གི་བཟོ་སྐྲུན་ལས་རིགས་ཀྱི་སྤྱིའི་ཐོན་འབབ་དེས་འཛམ་གླིང་ཁྲོམ་རའི་བརྒྱ་ཆའི་༥ ལས་ཟིན་མེད་པ་དང་། ཉི་ཧོང་གིས་བརྒྱ་ཆའི་༡༥ དང༌། ཨ་རིས་བརྒྱ་ཆའི་༢༠ ཟིན་ཡོད་ཅེས་བཤད་འདུག པོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་དྲུང་ཆེ་ལུང་ཡུན་ཐུའུ་ཡིས། རྒྱ་ནག་དེ་འཛམ་གླིང་གི་བཟོ་གྲྭ་མིན་པའི་སྒྲུབ་ བྱེད་མང་དག་ཅིག་བཀོད་དེ། རྒྱ་ནག་གི་བཟོ་སྐྲུན་ལས་རིགས་ནི་འཛམ་གླིང་བཟོ་སྐྲུན་ཐོན་སྐྱེད་མ་ལག་ཁྲོད་ཀྱི་ཆ་ཤས་ཤིག་ཡིན་པ་དང་། དེ་ནི་བཟོ་གྲྭའི་འཁོར་ཁང་ཞིག་ལས་མིན། འཛམ་གླིང་གི་བཟོ་གྲྭ་དེ་ཉི་ཧོང་ནས་ལྷོ་ཀོ་རི་ཡ་དང་། ལྷོ་ཀོ་རི་ཡ་ནས་རྒྱ་ནག རྒྱ་ནག་ནས་མ་ལེ་ཤི་ཡ་བར་དང༌། དེ་ནས་ད་དུང་རྒྱལ་ཁབ་གཞན་དག་བར་དུ་རྒྱལ་མཚམས་བརྒལ་བའི་ཁེ་ལས་སྡེ་ཚན་གྱི་ཐོན་སྐྱེད་མ་ལག་གིས་གྲུབ་པར་བྱས་ལུགས་སོགས་འགྲེལ་བརྗོད་བྱས་ཡོད། ༣) “འཛམ་གླིང་གི་ལས་སྣོན་རྒྱལ་ཁབ་ཆེན་པོ། རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཧྲི་གདབྱང་ཧྲུའུ་ཙི་ཡིས། རྒྱ་ནག་འདི་ད་ལྟའི་ཆར་“འཛམ་གླིང་གི་ལས་སྣོན་རྒྱལ་ཁབ་ཆེན་པོ་ཞིག་ཏུ་བགྲང་ན་ལས། ད་དུང་“བཟོ་སྐྲུན་རྒྱལ་ཁབ་ཆེན་པོ་ཞིག་ཀྱང་མིན་ཞེས་སྡོམ་ཚིག་བཀོད་ཡོད། དེ་བཞིན་ཡོན་ཧྲི་ཁྲིན་ཀེན་ཏུང་གིས། ནུས་ཤུགས་རིག་པ་ནི་བཟོ་སྐྲུན་སྒྲིག་བཀོད་ལས་རིགས་དང་འབྲེལ་བ་ཟབ་ཤོས་ཀྱི་རིག་ཚན་ཞིག་ཡིན་ལ། འཛམ་གླིང་ནུས་ཤུགས་རིག་པའི་རྩེ་ཕུད་ཁྱད་མཁས་པ་བརྒྱ་ཆའི་༥༠ ལྷག་རྒྱ་ནག་ནས་ཡོང་མཁན་ཞེ་ཅིག་ཡིན་པ་དང་། ཁྱད་མཁས་པ་དེ་དག་རྒྱ་ནག་གི་མཐོ་སློབ་ཐོན་རྗེས། ཕྱི་རྒྱལ་དུ་སློབ་སྦྱོང་ལ་བསྐྱོད་དེ། དེང་སང་ཨ་རི་དང་ཇར་མན་སོགས་སུ་ལས་ཀ་བྱེད་བཞིན་ཡོད་པ་དང་། བཟོ་སྐྲུན་ལས་རིགས་ཀྱི་ཆུ་ཚད་གོང་མཐོར་གཏོང་དགོས་ན། ལག་རྩལ་ཡར་རྒྱས་ ལས་གཞན། ད་དུང་ལམ་ལུགས་དང་སྒྲིག་སྲོལ། སྤྱི་ཚོགས་ཀྱི་གཞི་རིམ་གནས་སྟངས་སོགས་ལའང་རག་ལས་ཡོད་ལུགས་བརྗོད་འདུག དྲ་གནས་དེའི་ནང་དུ་བཀོད་པ་ལྟར་ན། རྒྱ་ནག་གི་དཔལ་འབྱོར་གནས་སྟངས་དེར་དཔལ་འབྱོར་རིག་པའི་རྒྱུན་སྲོལ་དང་མི་མཐུན་པའི་སྣང་ཚུལ་ཁྱད་མཚར་བཞི་ཡོད་པ་སྟེ། ཐོན་སྐྱེད་འཕར་ཚད་མཐོ་བ་དང་ལས་ཀ་ཤོར་ཚད་མཐོ་བ་བ་དུས་མཉམ་དུ་གནས་པ་དང་། རྒྱུན་བསྲིངས་ཏེ་དཔལ་འབྱོར་འཕེལ་རྒྱས་དང་མ་རྐང་ཁྲོམ་རའི་གནས་སྟངས་རྒྱབ་འགལ་དུ་ཕྱིན་པ། དངུལ་ལོར་འགྲེམ་ཚད་ཉུང་ཡང་ས་ཁང་གི་རིན་གོང་མཐོ་བ་གཉིས་རྒྱབ་འགལ། དཔལ་འབྱོར་འཕེལ་ཚད་མགྱོགས་དྲགས་པ་དང་སྐྱེད་ཀ་ཧ་ཅང་ཉུང་དྲགས་པ་དུས་གཅིག་ཏུ་གནས་ཡོད། ༤) དཔལ་འབྱོར་དཀྱིལ་འཁོར་ཆེན་པོ་གསུམ། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གླིང་དང་། འབྲི་ཆུ་སྨད་རྒྱུད་ཀྱི་ཟུར་གསུམ་གླིང་། པོ་ཧེ་མཚོ་འགག་མཐའ་སྐོར་གྱི་དཔལ་འབྱོར་དཀྱིལ་འཁོར་གསུམ་ནི་རྒྱ་ནག་གི་བཟོ་སྐྲུན་ལས་རིགས་ཀྱི་རྟེན་གཞི་ཆེ་ཤོས་གསུམ་ཡིན་པ་དང༌། དེའི་ཁྲོད་ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གླིང་ནི་ཕྱིར་ཚོང་གཙོ་བོར་དམིགས་པའི་ཁེ་ལས་འབྲིང་ཆུང་རིགས་དར་ཆེ་ལ། འབྲི་ཆུ་བཞུར་རྒྱུད་ཀྱི་ཟུར་གསུམ་གླིང་ནི་ནང་ཁུལ་དགོས་མཁོ་སྐོང་ཐབས་ལ་གཙོ་བོར་དམིགས་པའི་ཁེ་ལས་ཆེ་ཁག་འདུ་གནས་ཡིན། ༡། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གླིང་དཔལ་འབྱོར་དཀྱིལ་འཁོར་ནི། རྒྱ་ནག་གི་ལྷོ་རྒྱུད་དུ་ཆགས་པའི་ཀོང་ཏུང་ཞིང་ཆེན་གྱི་འཛིན་སྐྱོང་གྲོང་ཁྱེར་དགུ་དང༌།

Read More »

རྒྱ་ནག་གི་ཕྱི་འབྲེལ་སྲིད་ཇུས།

༡) ཕྱི་འབྲེལ་སྲིད་ཇུས་ཀྱི་འཕེལ་རིམ། ཧྥ་ཏན་སློབ་གྲྭ་ཆེན་མོའི་ཡན་ཧྲིན་དབྱི་ཡིས་རྒྱ་ནག་གི་ཕྱི་འབྲེལ་ལོ་རྒྱུས་དེ་དུས་རིམ་ལྔར་བགོས་ཡོད་པ་སྟེ། རྒྱལ་ཁབ་བཙུགས་པ་ནས་ལོ་རབས་ལྔ་བཅུ་བའི་མཇུག་བར་དུ་སུའུ་ལན་དང་མཉམ་འབྲེལ་བྱས་ཏེ། ཨ་རིར་ངོ་རྒོལ་བྱེད་”པའི་ཕྱི་འབྲེལ་འཐབ་ཇུས་འདི་དུས་རིམ་དང་པོ་ཡིན་པ་དང་། ཇི་ལྟར་རྒྱ་ནག་རང་ཉིད་ཀྱི་ཕྱི་འབྲེལ་སྲིད་ཇུས་ཤིག་འཛུགས་སྐྲུན་དང་། ཇི་ལྟར་ཨ་རི་བཙན་རྒྱལ་རིང་ལུགས་དང་མ་རྩ་རིང་ལུགས་ཀྱི་རྒྱལ་ཁབ་གཞན་ལ་འབྲེལ་བ་འཇོག་སྟངས། ཇི་ལྟར་སུའུ་ལན་དང་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཚོར་འབྲེལ་བ་འཛིན་རྒྱུའི་གནད་དོན་གསུམ་ལ་དམིགས་ཏེ། མའོ་ཙེ་ཏུང་གིས། ་ཁྱིམ་ཐབ་ལོགས་སུ་བཟུང་། ཁང་ཁྱིམ་གཙང་མར་ཕྱགས་རྗེས་མགྲོན་པོ་བསུ། ཕྱོགས་གཅིག་ལ་ཁེན་”ཞེས་པའི་བྱེད་ཐབས་བཏོན་ཡོད། ༡༩༥༣ ལོར་རྒྱ་གར་གྱི་སྐུ་ཚབ་ཚོགས་པ་ཞིག་རྒྱ་ནག་ཏུ་ཡོང་སྟེ། ཕྱོགས་གཉིས་ཀྱིས་བོད་ཀྱི་གནད་དོན་སྐོར་གྲོས་མོལ་བྱེད་སྐབས། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ཞེས་པའི་འདོད་ཚུལ་བསྟན་པ་དང་། (རྒྱ་ནག་གི་རྩོམ་ཡིག་མང་པོ་ཞིག་ཏུ་རྩ་དོན་འདི་ཀྲོའུ་ཨིན་ལེ་ཡིས་བཏོན་ཚུལ་བྲིས་ཡོད་ཀྱང༌། དབྱིན་ཇིའི་ཤེས་བྱ་ཀུན་འདུས་ Encyclopedia Britannicaནང་རྒྱ་གར་གྱི་སྲིད་བློན་ནེཧ་རུས་བཏོན་པ་རེད་ཅེས་བྲིས་ཡོད་པ་དང་། རྒྱ་གར་བ་ཚོས་ཀྱང་དེ་ལྟར་འདོད།) ལོ་རྗེས་མའི་ཟླ་༤ ཚེས་༢༩ ཉིན་རྒྱ་དཀར་ནག་གཉིས་ཀྱིས་ཀྲུང་གོའི་བོད་ལྗོངས་ས་གནས་དང་རྒྱ་གར་དབར་ཚོང་འབྲེལ་དང་འགྲིམ་འགྲུལ་ཐད་ཀྱི་ཆོད་དོན་”ཟེར་བར་མིང་རྟགས་འགོད་སྐབས། གོང་གསལ་རྩ་དོན་ལྔ་བོ་ཆོད་དོན་དེའི་ནང་བཅུག་ཡོད། ༡༩༥༥ ལོར་ ཧིན་རྡུ་ནི་ཤ་ཡར་འཚོགས་པའི་ཨེ་ཤ་ཡ་དང་ཨ་ཧྥེ་རི་ཀའི་ཚོགས་འདུའི་སྟེང་། རྒྱལ་ཁབ་༢༩ ཙམ་གྱི་སྐུ་ཚབ་ཀྱིས་འཛམ་གླིང་ཞི་བདེ་དང་མཉམ་འབྲེལ་སྐུལ་འདེད་ཐད་ཀྱི་བསྒྲགས་གཏམ་ནང་། གོང་གསལ་རྩ་དོན་ལྔ་ཚུད་པའི་རྒྱལ་སྤྱིའི་འབྲེལ་ལམ་གྱི་རྩ་དོན་བཅུ་བཀོད་འདུག ལོ་རབས་དྲུག་ཅུའི་མགོ་ནས་ལོ་རབས་བདུན་ཅུའི་མགོ་བར་“ཨ་རི་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་དང༌། སུའུ་ལན་བཟོ་བཅོས་རིང་ལུགས་ལ་ངོ་རྒོལ་བྱེད་པ་ནི་དུས་རིམ་གཉིས་པ་ཡིན་ཞིང༌། དུས་རིམ་གསུམ་པ་ནི་ལོ་རབས་བདུན་ཅུའི་ནང་་ཨ་རི་ལ་མཉམ་འབྲེལ་བྱས་ཏེ་སུའུ་ལན་བཙན་དབང་རིང་ལུགས་ལ་ངོ་རྒོལ་བྱ་རྒྱུ་དང༌། ཐིག་སྐུད་གཅིག་”གི་འཐབ་ཇུས་ལག་བསྟར་བྱས། (ཐིག་སྐུད་གཅིག་”ཟེར་བ་ནི། རྒྱ་ནག་དང་ཉི་ཧོང་། དེ་ནས་པ་ཀི་སི་ཐན་དང་དབྱི་རན། ཏུར་ཀེ། ཡོ་རོབ་ནས་ཨ་རི་བར་གྱི་སུའུ་རྒོལ་མཉམ་འབྲེལ་”གྱི་རྒྱལ་སྤྱིའི་འཐབ་ཕྱོགས་གཅིག་གྱུར་འགྲུབ་པར་བྱ་རྒྱུའི་འཆར་གཞི་ཞིག་ཡིན།)ལོ་རབས་བརྒྱད་ཅུའི་ནང་་བཅོས་བསྒྱུར་སྒོ་འབྱེད་”ལ་བརྟེན་པའི་ཕྱི་འབྲེལ་སྲིད་ཇུས་དེ་དུས་རིམ་བཞི་བར་བརྩི་བ་དང༌། ། ཕྱི་འབྲེལ་སྲིད་ཇུས་ཀྱི་བཅོས་སྒྲིག་གཙོ་བོ་ནི། ༡། རྒྱལ་སྤྱིའི་གནས་སྟངས་ལ་ཚོད་དཔག་བྱེད་སྟངས་འགྱུར་བ་བཏང་སྟེ། དམག་འཐབ་དང་ འི་གནད་དོན་ ཐད་ཚན་རིག་དང་མཐུན་པའི་ངོས་འཛིན་བྱེད་ཐབས་བཟུང་། ། ༢། ་ཐིག་སྐུད་གཅིག་”གི་འཐབ་ཇུས་ལ་འགྱུར་བ་བཏང་སྟེ། སྟོབས་ཆེན་རྒྱལ་ཁབ་སུ་གང་དང་མནའ་འབྲེལ་ལམ་འཐབ་ཇུས་ཀྱི་འབྲེལ་ལམ་མི་འཛུགས་པར། རང་ཚུགས་རང་བདག་གཙིགས་སུ་བཟུང་། འ། འདུ་ཤེས་འཛིན་སྟངས་གཞིར་བཟུང་ཉེ་འགྱངས་ཀྱི་དབྱེ་འབྱེད་མི་བྱེད་པར། “ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི”རྨང་གཞིའི་སྟེང་། རྒྱལ་ཁབ་གང་རུང་དང་མཉམ་དུ་མཛའ་འབྲེལ་འཛུགས་རྒྱུའི་འབད་པ་བྱ་རྒྱུ། ལ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་འཆར་གཞི་གཞིར་བཟུང་། དབྱིན་ཇི་དང་པོར་ཅི་གྷལ་མཉམ་དུ་ཧོང་ཀོང་དང་ཨའོ་མིན་རྒྱ་ནག་གིས་རྩིས་ལེན་བྱེད་ཕྱོགས་མཉམ་འབྲེལ་གསལ་བསྒྲགས་ལ་མིང་རྟགས་བཀོད། ༥། ཕྱོགས་ཡོངས་ནས་སྒོ་འབྱེད་ཀྱི་སྲིད་ཇུས་ལག་བསྟར་བྱས།། དུས་རིམ་ལྔ་བ་ནི་༡༩༨༩ ལོའི་༦།༤ དོན་རྐྱེན་རྗེས། ཨ་རིས་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཚོའི་གནོན་ཤུགས་གདོང་ལེན་བྱེད་ཞོར་དུ། མཐའ་སྐོར་གྱི་རྒྱལ་ཁབ་ཁག་དང་མཛའ་འབྲེལ་གོང་མཐོར་བཏང་། ༦།༤ དོན་རྐྱེན་དང་། སུའུ་ལན་དང་ཤར་ཡོ་རོབ་ཀྱི་དམར་ཤོག་གྱེས་ཐོར་སོང་རྗེས། ཏིན་ཞའོ་ཕིན་གྱིས་རྣལ་དུ་ཕབ་ནས་ལྟ་ཞིབ་དང་། ཁེངས་སྐྱུང་མངོན་ཆུང་། རྐང་རྩ་བརྟན་ཚུགས། གཟབ་བརླིང་གིས་ཁ་གཏད་གཅོག གྲོགས་པོ་སྒྲིག་དགོས་ལ། སེམས་སུ་གདེང་ཚོད་ཡོད་དགོས་ཞེས་བཤད་ཡོད་པ་དང་། ཁེངས་སྐྱུང་མངོན་ཆུང་ཟེར་བའི་རྗེས་སུ་ནམ་རྒྱུན་“ཡིའུ་སོ་ཙོ་ཝེ་འམ་“བྱས་པ་རྗེས་ཡོད་ཟེར་བའི་ཚིག་ཅིག་འཇོག་གི་ཡོད། གོང་གསལ་འདི་དག་གི་གོ་དོན་ནི། ཕྱི་འབྲེལ་ལས་དོན་ཐད་འུད་སྒྲོག་ཟིང་ལོང་མེད་པར། མངོན་ཆུང་གིས་གོ་སྐབས་འཚོལ་དགོས་པའི་དོན་ཡིན།། ༢) ཧུའུ་ཅིན་ཐའོ་ཡི་“རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ།། དུས་རབས་སྔ་མའི་ལོ་རབས་དགུ་བཅུའི་སྨད་ནས་བཟུང༌། རྒྱ་གཞུང་གིས་འཛམ་གླིང་གི་སྟོབས་ལྡན་རྒྱལ་ཁབ་ཕལ་མོ་ཆེ་དང་མཉམ་དུ་རྣམ་པ་སྣ་ཚོགས་ཀྱི་“མཛའ་གྲོགས་འབྲེལ་ལམ་བཙུགས་ཡོད་པ་དང་། ༡༩༩༦ ལོའི་ཟླ་༤ ནང་ཨུ་རུ་སི་དང༌། ཟླ་༡༡ ནང་རྒྱ་གར། ༡༩༩༧ ལོའི་ཟླ་༥ ནང་ཧྥ་རན་སི་དང་། ཟླ་༡༡ ནང་ཁེ་ན་ཊ། ཟླ་༡༢ ནང་མེཀ་སི་ཀོ་དང་ཏུང་ཞེ། ཨ་རི། ༡༩༩༨ ལོར་དབྱིན་ཇི་དང་ཉི་ཧོང་བཅས་པར་མིང་འདོགས་འདྲ་མིན་གྱི་འབྲེལ་བ་བཙུགས་ཡོད་པ་དང༌། ཧུའུ་ཅིན་ཐའོ་སྲིད་སྟེགས་སུ་འཛེག་རྗེས། འཛམ་གླིང་གི་སྟོབས་ལྡན་རྒྱལ་ཁབ་ཕལ་ཆེ་བར་སོང་ཚར་ཡོད། ཕྱི་འབྲེལ་མཁས་པ་ལུའུ་དབྱི་ཀྲིན་གྱིས་དབྱེ་ཞིབ་བྱས་པ་ལྟར་ན། ཧུའུ་ཅིན་ཐའོ་ཡི་“རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་”ལ་གྲུབ་འབྲས་ཕྱོགས་བཞི་ནས་ཐོབ་ཡོད་ཚུལ་བཀྲལ་འདུག ༡། རྒྱ་ནག་དེ་ཕྱོགས་ཁ་ཤས་ནས་ཨ་རི་དང་ཡོ་རོབ་ལ་འགྲན་ཐབས་མེད་ཀྱང༌། རྒྱལ་ཁབ་སྤྱི་ཡོངས་ཀྱི་སྟོབས་ཤུགས་ཐད་ཨ་རི་དང་རིང་ཐུང་ཡང་ལྕི་མེད་ཚུལ་འཛམ་གླིང་སྟེང་ངོམས་ཐུབ་ཡོད།། ༢། ཧུའུ་ཅིན་ཐའོ་འཚམས་འདྲིར་བསྐྱོད་པའི་རྒྱལ་ཁབ་རེ་རེ་དང་མཉམ་འབྲེལ་གསལ་བསྒྲགས་སྤེལ་སྐབས། རྒྱལ་ཁབ་དེ་དག་གིས་“རྒྱ་ནག་འདི་ཚོང་རའི་དཔལ་འབྱོར་གྱི་རྒྱལ་ཁབ་ཅིག་ཡིན་་པ་ཁས་ལེན་བྱེད་དགོས་པའི་ཨུ་ཚུགས་བྱེད་པ་དེས་ཕྱི་འབྲེལ་གྱི་དམིགས་ཡུལ་དུ་མ་ཞིག་འགྲུབ་ཀྱི་ཡོད། ༣། ཕྱི་དངུལ་གསོག་ཚད་མཐོ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། རྡོ་སྣུམ་དང་རང་བྱུང་སོལ་རླངས། འཐབ་ཇུས་ལྕགས་རིགས་སོགས་ཐོན་ཁུངས་འཕྲོག་རྩོད་ཁྲོད་མཐུན་རྐྱེན་ཡག་ཤོས་འཛོམས་ཡོད། ༤། ཧུའུ་ཅིན་ཐའོ་ཡིས་དམག་དོན་དང་རྒྱལ་སྲུང་སྐོར་ཚིག་གཅིག་མི་གླེང་མོད། ཕྱི་ལོགས་སུ་འགྲོ་ཐེངས་རེ་རེ་རྒྱལ་ཁབ་བདེ་འཇགས་དང་ཐད་ཀར་འབྲེལ་ཡོད། མེཀ་སེ་ཀོ་ནས་བྷརལ་ཟིལ་དང་། ནེ་གྷི་རེ་ཡ་ནས་སེ་རེ་ཡ་བར་དུ་རྒྱ་གཞུང་གིས་“འཐབ་ཇུས་ཀྱི་འབྲེལ་ལམ་དེ་བཙུགས་ཏེ། ཨ་རིས་རྒྱ་གར་དང་དབུས་ཨེ་ཤ་ཡའི་རྒྱལ་ཁབ་ཚོས་རྒྱ་ནག་བསྐོར་བསྐྱིལ་བྱེད་པར་ཁ་གཏད་གཅོག་ཐབས་བྱེད་ཀྱི་ཡོད། ༣) ་ཞི་བའི་འབུར་ལངས། Peaceful rising༢༠༠༢ ལོར་རྒྱ་ནག་རྒྱལ་སྤྱིའི་འབྲེལ་ལམ་སློབ་གླིང་གིས་ལོ་གསུམ་རིང་ཉམས་ཞིབ་བྱས་པ་བརྒྱུད། རྒྱ་ནག་གི་རྒྱལ་ཁབ་སྤྱི་ཡོངས་ཀྱི་སྟོབས་ཤུགས་འཛམ་གླིང་སྟེང་ཨང་བདུན་པར་སླེབས་ཡོད་པའི་སྙན་ཐོ་བཏོན་པ་དང་། ཞི་བའི་འབུར་ལངས་ཟེར་བའི་རྗོད་ཚིག་དེ་ཐོག་མར་སྤྱད་པ་དང་། ༢༠༠༣ ལོར་རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་གིས་ཀྱང་དེ་མཚུངས་ཀྱི་སྙན་ཐོ་བཏོན། ལོ་དེའི་ཟླ་༡༡ ནང་རྒྱ་ནག་ཧེ་ནན་དུ་ཚོགས་པའི་“པོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་”སྟེང་། རྒྱ་ནག་དབུས་ཏང་གི་སློབ་གྲྭའི་འགན་འཛིན་གཞོན་པ་ཀྲིན་པི་ཅན་གྱིས་“རྒྱ་ནག་ཞི་བའི་འབུར་ལངས་ཀྱི་ལམ་ཁ་གསར་བ་དང་ཨེ་ཤ་ཡའི་འབྱུང་འགྱུར་ཟེར་བའི་རྩོམ་ཡིག་སྒྲོག་སྦྱངས་བྱས་པ་དང༌། ཟླ་༡༢ ཚེས་༡༠ ཉིན་ཝུན་ཅ་པའོ་ཡིས་ཨ་རིའི་ཧར་ཝར་གཙུག་ལག་སློབ་གཉེར་ཁང་དུ་གཏམ་བཤད་སྐབས་ཚིག་འདི་གླེང་ཡོད་ཅིང༌། ༢༠༠༤ ཟླ་༣ ཚེས་༡༤ ཉིན་དམངས་འཐུས་ཚོགས་ཆེན་གྱི་གསར་འགོད་ཚོགས་འདུའི་སྟེང་འགྲེལ་བཤད་ཞིབ་རྒྱས་བྱས་འདུག ཚིག་འདིའི་དམིགས་ས་གཙོ་བོ་ཨ་རི་དང་ཤར་ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཡིན་ལ། གོ་དོན་ནི། རྒྱ་ནག་གི་དཔལ་འབྱོར་དང་དམག་ཤུགས་འཕེལ་རྒྱས་ཕྱིན་པ་དེས་ཞི་བདེ་དང་བརྟེན་ལྷིང་ལ་ཉེན་ཁ་བཟོ་མི་སྲིད་པ་དང་། དེ་ལས་ལྡོག་སྟེ་རྒྱལ་ཁབ་གཞན་དག་གིས་དེའི་ཁྲོད་ནས་ཁེ་ཕན་ལེན་ཐུབ་པའི་འགྲེལ་བཤད་རྒྱག་གིན་ཡོད། རྒྱ་ནག་གི་ཕྱི་འབྲེལ་གྱི་བྱེད་ཐབས་གཙོ་བོ་ཞིག་ནི་དཔལ་འབྱོར་ལ་བརྟེན་པའི་ཕྱི་འབྲེལ་བྱེད་སྟངས་ཤིག་དང༌། དཔལ་འབྱོར་དེ་ཕྱི་འབྲེལ་གྱི་བྱེད་ཐབས་ཤིག་ཏུ་བཟུང་སྟེ་དམིགས་ཡུལ་གཞན་སྒྲུབ་པའི་དཔལ་འབྱོར་ཕྱི་འབྲེལ་”ཡིན་ཞིང༌། དེ་ནི་ཞི་བའི་འབུར་ལངས་ཀྱི་བྱེད་ཐབས་གཙོ་བོའང་ཡིན། རྒྱ་ནག་གིས་་ཞི་བའི་འབུར་ལངས་འདི་དཔལ་འབྱོར་གྱི་དར་རྒྱས་ཡིན་པ་ལས། དམག་དོན་གྱི་དར་རྒྱས་ཤིག་མིན་ཚུལ་རྩལ་དུ་བཏོན་ནས་འགྲེལ་བཤད་རྒྱག་གིན་ཡོད། རྒྱ་ནག་གིས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་་མཛའ་མཐུན། བདེ་འཇགས། འབྱོར་ཕྱུག་”བཅས་ཀྱི་འབྲེལ་ལམ་ཞིག་འཛུགས་རྒྱུའི་དྲིལ་བསྒྲགས་བྱེད་བཞིན་པ་དང་། དེའི་བྱེད་ཐབས་གཅིག་ནི་ས་མཚམས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཡིན་ཞིང་། རྩོད་རྙོག་ཟུར་དུ་བཞག་སྟེ། ཐུན་མོང་གིས་སྔོག་འདོན་་ཟེར་བའི་ཏིན་ཞའོ་ཕིན་གྱི་བསམ་ཚུལ་དེ་འཕྱར་ནས་ཤར་ལྷོ་ཨེ་ཤའི་རྒྱལ་ཁབ་མཐུན་ཚོགས་དབར་བསྒྲགས་གཏམ་ཞིག་སྤེལ་ཡོད། དེ་བཞིན་རྒྱ་ནག་དར་འཕེལ་འགྲོ་བ་ནི་ཁྱིམ་མཚེས་རྒྱལ་ཁབ་བདེ་འཇགས་དང༌། འབྱོར་ཕྱུག་ལ་སྐུལ་འདེད་ཀྱི་ཆེད་དུ་ཡིན་པ་ལས། སྟོབས་ལྡན་རྒྱལ་ཁབ་གཞན་གྱི་བྱེད་སྟངས་ལྟར་མིན་པའི་འགྲེལ་བཤད་རྒྱག་གི་ཡོད་ལ། ཤར་ལྷོ་ཨེ་ཤའི་རྒྱལ་ཁབ་མཐུན་ཚོགས་ཁྲོད་ཀྱི་ལའོ་སི་དང་འབར་མ་ལ་དམིགས་བསལ་ཁྲལ་ཆག་གི་སྲིད་ཇུས་ལག་བསྟར་བྱས་ཡོད། ༤) ཞི་བའི་འཕེལ་རྒྱས་དེ་དང་འཆམ་མཐུན་འཛམ་གླིང་། ༢༠༠༥ ཟླ་༡༢ ནང་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་བཏོན་པའི་“རྒྱ་ནག་གི་ཞི་བའི་འཕེལ་རྒྱས་འགྲོ་ལམ་གྱི་རྒྱབ་ཤ་དཀར་པོའི་དེབ་ཟེར་བའི་ནང་། ཞི་བའི་འབུར་ལངས་ཟེར་བའི་ཚབ་ཏུ་ཞི་བའི་འཕེལ་རྒྱས་ཞེས་བཅོས་ཏེ། ཡུན་རིང་གི་ཞི་བདེ་དང༌། ཐུན་མོང་དར་རྒྱས་ཀྱི་འཆམ་མཐུན་འཛམ་གླིང་ཞིག་བསྐྲུན་རྒྱུ་ནི་རྒྱ་ནག་དེ་ཞི་བའི་འཕེལ་རྒྱས་འགྲོ་ལམ་ལ་བསྐྱོད་པའི་མཐར་ཐུག་གི་དམིགས་ཡུལ་ཡིན་ཞེས་བཀོད་ཡོད་པ་དང༌། དེབ་དེའི་ནང་། ༡། རྒྱ་ནག་ལ་རྡུལ་ཕྲན་མཚོན་ཆ་ཡོད་པའི་སྟེང༌། དམག་དོན་གྱི་འགྲོ་གྲོན་ལོ་རེ་བཞིན་འཕར་བཞིན་པའི་གནས་ཚུལ་རྣམས་ཕྱི་གསལ་ནང་གསལ་མེད་པ་སོགས་ལ་བརྟེན། རྒྱ་ནག་གིས་འཛམ་གླིང་ལ་ཉེན་ཁ་བཟོ་སྲིད་པའི་གླེང་ཕྱོགས་ཤུགས་ཆེར་ཡོད་པ་དེ་ལ་དགག་པ་བརྒྱབ་པ་དང་།། ན། རྒྱ་ནག་གི་འཕེལ་རྒྱས་དེ་འཛམ་གླིང་དང་ཁ་འབྲལ་ཐབས་མེད་ལ། རྒྱ་ནག་འདི་འཛམ་གླིང་དར་རྒྱས་ལ་དགོས་མཁོ་ཡོད། ༢། རྒྱ་ནག་གིས་རྒྱལ་ཁབ་གཞན་པར་འཕྲོག་ལེན་གྱིས་རང་ཉིད་འཕེལ་རྒྱས་གཏོང་མི་སྲིད་བཅས་དོན་ཚན་གསུམ་གྱི་སྒོ་ནས་བཀྲལ་འདུག། ༢༠༠༦ ཟླ་༨ ནང་། ཀྲུང་དབྱང་ཕྱི་དོན་ཚོགས་འདུའི་སྟེང་། ཞི་བའི་འབུར་ལངས་ཀྱི་ཚབ་ཏུ་ཞི་བའི་འཕེལ་རྒྱས་འབྲི་དགོས་པའི་གྲོས་ཆོད་བཞག དེ་ལྟར་སྒྱུར་བཅོས་གཏོང་དགོས་པའི་རྒྱུ་མཚན་ཐད་རྒྱ་ནག་ཕྱི་འབྲེལ་སློབ་གླིང་གི་སློབ་དཔོན་ཆེ་མོ་གུང་ཧྲའོ་ཕིན་གྱིས། འབུར་ལངས་ཞེས་པའི་ཚིག་འདི་དུས་ཡུན་ཐུང་ངུའི་ནང་སྟོབས་ཤུགས་ཧོབ་ཀྱིས་རྒྱས་པའི་དོན་ཡིན་སྟབས། ཏིན་ཞའོ་ཕིན་གྱི་ཐེམ་པ་རིམ་བརྒྱུད་ཀྱི་བཅོས་བསྒྱུར་གྱི་གཞུང་ལུགས་དང་མི་མཐུན་པའི་འགྲེལ་བརྗོད་བྱས་ཡོད། “འཆམ་མཐུན་འཛམ་གླིང་”ཞེས་པ་འདི་ཧུའུ་ཅིན་ཐའོ་ཡིས་༢༠༠༥ ལོའི་ཟླ་༩ ནང་མཉམ་འབྲེལ་རྒྱལ་ཚོགས་ལོ་དྲུག་ཅུ་འཁོར་བའི་ཚོགས་ཆེན་གྱི་གཏམ་བཤད་དུ་ཐོན་ཡོད་ལ། ༢༠༠༦ ཟླ་༤ ནང་ཡེལ་གཙུག་ལག་སློབ་གཉེར་ཁང་གི་གཏམ་བཤད་དང་། ༢༠༠༦ ཟླ་༦ ནང་འཚོགས་པའི་ཧྲང་ཧེ་མཉམ་འབྲེལ་སྒྲིག་འཛུགས་(sCo)ཀྱི་ཚོགས་ཐོག་ཏུ་འགྲེལ་བཤད་བྱས་ཡོད། དཔྱད་བརྗོད་པ་ཚོས། ཤོད་སྟངས་འདི་ཨ་རིས་སྣེ་འཁྲིད་པའི་རྒྱལ་སྤྱིའི་གནས་སྟངས་ལ་ཁ་གཏད་དུ་ལངས་པ་ཞིག་ཡིན་པ་དང་། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐེ་བའི་ནུབ་ཕྱོགས་ཀྱི་ལྟ་གྲུབ་ལ་རྒྱབ་ཀྱིས་ཕྱོགས་ཏེ། ་ནང་སྲིད་ལ་ཐེ་གཏོགས་མི་ཆོག་པའི་ཁྲིམས་ཚིག་འདི་གཙུག་ཏུ་བཀུར་ཞིང་། རྒྱལ་ཁབ་སོ་སོས་རང་ཉིད་ཀྱི་འཕེལ་རྒྱས་མདུན་ལམ་ འདེམས་དགོས་པའི་བསམ་ཚུལ་བསྟན་པས། བྱང་ཀོ་རི་ཡ་དང༌། སུའུ་ཌན། ཧ་སག་སི་ཐན།

Read More »

གནས་མཆོག་རྡོ་རྗེ་གདན་དུ་འབྱོར་བའི་གཞིས་ལུས་སྤུན་ཟླ་རྣམས་ལ་གནང་བའི་གསུང་བཤད།

༄༅། ། དེ་རིང་རྡོ་རྗེ་གདན་དུ་བོད་ནས་ཆེད་མངགས་གནས་མཇལ་དང་ྋགོང་ས་མཆོག་མཇལ་རྒྱུའི་ཆེད་དགེ་འདུན་པ་དང༌། བཙུན་མ། དེ་བཞིན་བོད་རིགས་སྤུན་ཟླ་མང་པོ་ཕེབས་འདུག ཁྱེད་རང་ཚོ་ཁྱུག་ཙམ་མཇལ་རྒྱུ་དང༌། བཀའ་མོལ་ཚིག་ཁ་ཤས་ཞུ་རྒྱུའི་གོ་སྐབས་བྱུང་བས་ཧ་ཅང་དགའ་པོ་བྱུང

Read More »

དབུ་མའི་སྐོར་ངོ་སྤྲོད། སློབ་དཔོན་ཟམ་གདོང་རིན་པོ་ཆེ།

༄༅། །སྐྱབས་ཡོལ་དགེ་འདུན་གྱི་སྡེ། རྡ་ས་ས་གནས་འཐུས་མིའི་ཚོགས་འདུའི་དཔལ་ལྡན་ཚོགས་གཙོ་མཆོག ས་གནས་བེུད་ལྷན་ཚོགས་ཀྱི་མཛད་གཙོ་རྣམ་པ། གཞན་ཡང་ད་རེས་ཚོགས་འདུར་ཕེབས་པའི་སེར་སྐྱ་ཕོ་མོ་ཡོངས་རྫོགས་ལ། ས་གནས་བེུད་ལྷན་ཚོགས་ཀྱིས་རེ་འདུན་གནང་བ་བཞིན་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་ལམ་སྲོལ་ལམ་དབུ་མའི་སྐོར་ལ་ངོ་སྤྲོད་མདོར་བསྡུས་ཤིག་ཞུ་རྒྱུའི་འབད་བརྩོན་ཞུ་གི་ཡིན། ཚོགས་འདུའི་དུས་ཚོད་ལ་སྐབས་མཚམས་འགྱུར་བ་གཏོང་དགོས་བྱུང་ཙང༌། ཁ་ཤས་སྔ་པོ་ནས་ཕེབས་ཏེ་བསྒུགས་བཞུགས་པ་མེད་འགྲོ་བསམ་གྱི་འདུག དགོངས་འགལ་མེད་པ་ཞུ་རྒྱུ་ཡིན། ལམ་དབུ་མའི་སྲིད་བྱུས་བཟུང་ནས་ད་ལྟའི་གནས་སྐབས་ལ་ལོ་ ༢༥ འགྲོ་གི་ཡོད་པར་བརྟེན། དངོས་གནས་བྱས་ན་ལམ་དབུ་མའི་སྲིད་བྱུས་དེ་བོད་མི་ཡིན་ནོ་ཅོག་གིས་གསལ་པོ་མཁྱེན་དགོས་པ་དང༌། མཁྱེན་གྱི་ཡོད་པར་ཆ་བཞག་དགོས་པ་ཞིག་རེད། ཡིན་ནའང་མང་ཚོགས་ཀྱི་ནང་སྤྱིར་བཏང་ཆབ་སྲིད་ཀྱི་འགྲོ་ཕྱོགས་དང་ལམ་སྲོལ། ལྷག་པར་དུ་ལམ་དབུ་མའི་སྐོར་དོ་སྣང་དེ་ཙམ་མ་བྱུང་བའི་གནས་སྟངས་ཤིག་མཐོང་གི་འདུག རྡ་རམ་ས་ལའི་སྤྱི་ཚོགས་ནང་ཆ་མཚོན་ན། ལམ་དབུ་མའི་སྐོར་ལ་བཤད་དགོས་ཞེས་གསུང་མཁན་ཕལ་ཆེར་ད་རིང་དང་པོ་རེད་བསམ་གྱི་འདུག དེས་ན་བཙན་བྱོལ་གཞུང་གིས་འདས་པའི་ལོ་ ༢༥ རིང་བཟུང་བའི་ལམ་དབུ་མའི་སྲིད་བྱུས་སྐོར་ལ་མདོར་བསྡུས་ཤིག་ཞུ་རྒྱུ་ཡིན། འོན་ཀྱང་མང་ཆེ་བ་ལྷན་རྒྱས་ཚོས་མཁྱེན་པ་ཤ་སྟག་ཅིག་མ་གཏོགས། མ་མཁྱེན་པའི་གནས་ཚུལ་གསར་པ་ཞིག་ཕལ་ཆེར་ཡོད་མདོག་ཁ་པོ་མ་རེད། ཡིན་ནའང་མཁྱེན་པ་ཚོ་ལ་དྲན་གསོའི་ཚུལ་དང༌། མ་མཁྱེན་པ་རྣམས་ལ་མཁྱེན་རྟོགས་ཆེད་དུ་གང་ཐུབ་ཀྱིས་བསྡོམས་བརྒྱབས་ནས་མདོར་བསྡུས་ཤིག་ངོ་སྤྲོད་ཞུ་རྒྱུའི་འབད་བརྩོན་ཞུ་གི་ཡིན། སྤྱིར་བཏང་ལམ་དབུ་མ་ཟེར་བའི་ཚིག་འདི་ཆབ་སྲིད་ཀྱི་གནད་དོན་ཐོག་དེ་སྔ་བེད་སྤྱོད་བཏང་བ་བྱུང་མི་འདུག ྋསྐྱབས་མགོན་རིན་པོ་ཆེས་ནང་ཆོས་ཀྱི་ཚིག་ནས་ཚུར་བཞེས་ཏེ་བོད་ཀྱི་ཆབ་སྲིད་ཀྱི་ཆེད་དུ་བེད་སྤྱོད་གནང་བ་ཞིག་རེད། སངས་རྒྱས་འཇིག་རྟེན་དུ་མ་བྱོན་པའི་སྔོན་ལ་དབུ་མ་དང་ལམ་དབུ་མ་ཞེས་པའི་ཚིག་འདི་ཐབས་ལམ་དང་སྒྲུབ་པ་ཉམས་ལེན་གྱི་ལམ་གྱི་རིམ་པ་ཞིག་ལ་བེད་སྤྱོད་གཏོང་མཁན་བྱུང་ཡོད་བཟོ་མི་འདུག དེ་ནི་ནང་པའི་ཐུན་མོང་མ་ཡིན་པའི་བརྡ་ཚིག་ཅིག་རེད། སྤྱིར་བཏང་བོད་སྐད་ལ་དབུས་མ་དང་དབུ་མ་ཞེས་ཚིག་བེད་སྤྱོད་བྱེད་སྟངས་མི་འདྲ་བ་གཉིས་ཡོད་རེད། ཚིག་གི་ངོ་གདོང་གི་ཆ་ནས་དབུས་མ་དང་དབུ་མ་ལ་དེ་ཙམ་ཁྱད་པར་མེད་ནའང་ལེགས་སྦྱར་སྐད་ཀྱི་ ཧིན་རྡི་ཚིག་འཇུག་དགོས་ཡོད། དང་ ཧིན་རྡི་ཚིག་འཇུག་དགོས་ཡོད། གཉིས་བོད་སྐད་ནང་སྒྱུར་སྐབས་མ་འདྲེས་པའི་ཆེད་དུ་དབུས་དང་དབུ་ཞེས་ཚིག་ཐ་དད་གཉིས་སྔོན་གྱི་ལོ་ཙཱ་བ་ཚོས་བེད་སྤྱོད་གནང་བའི་བཟོ་འདྲ་ཞིག་འདུག གང་ལྟར་དབུས་མ་དང་དབུ་མ་ཞེས་གང་ལབ་རུང༌། དེ་ནི་མཐའ་དང་བྲལ་བ་ཞིག་ལ་ཟེར་གྱི་ཡོད། ཕྱོགས་གཅིག་གི་མཐའ་ལ་མ་ལྷུང་བར། དབྱིན་སྐད་དུ། Extreme ཞེས་པ་མ་ཡིན་པར་དེ་ལས་ལྡོག་ནས་དཀྱིལ་ལ་བསྡད་པ་ཞིག་ལ་དབུ་མ་དང༌། དེ་འདྲའི་ལམ་ཞིག་ལ་དབུ་མའི་ལམ་ཞེས་ང་ཚོས་བེད་སྤྱོད་གཏོང་གི་ཡོད་རེད། དབུ་མ་ཞེས་པའི་ཚིག་དེ་ནང་ཆོས་སུ་གཙོ་ཆེ་བ་ལྟ་བ་ལ་སྦྱར་ཡང༌། སྒོམ་པ་དང་སྤྱོད་པ་ལའང་སྦྱར་གྱིཡོད། སངས་རྒྱས་ཀྱི་ཞལ་ནས་དབུ་མའི་ལམ་ཞེས་པའི་ཚིག་དེ་དང་པོ་སྤྱོད་པ་ལ་སྦྱར་ནས་གསུངས་ཡོད། དེ་གསུངས་དགོས་པའང༌། གཞོན་ནུ་དོན་གྲུབ་ཀྱིས་སངས་རྒྱས་ཀྱི་གོ་འཕང་སྒྲུབ་སྐབས་ཕྱོགས་གཉིས་ཀར་ཉམས་མྱོང་བསགས་ཟིན་པ་ཞིག་རེད། དེའང་གཞོན་ནུ་དོན་གྲུབ་གཞོན་ནུའི་རོལ་རྩེད་དང་བཙུན་མོའི་འཁོར་གྱིས་རོལ་བའི་མཛད་པ་བསྟན་སྐབས་འདོད་པ་བསོད་ཉམས་ཀྱི་མཐའ་ལ་བྱུང་བའི་བཟོ་འདྲ་ཞིག་ཡོད་རེད། ཧ་ཅང་གིས་སྤྲོས་པ་རྒྱས་པོ་དང༌། མཐུན་རྐྱེན་འཛོམས་པོ། ཟས་གོས་གནས་མལ་ཇི་འདྲ་ཞིག་ཡིན་རུང་ཧ་ཅང་གྲ་རྒྱས་པོ་བཞུགས་པ་ཡིན་ཙང༌། དེའི་དབང་གིས་བདེན་པའི་གནས་ལུགས་མ་གཟིགས་པ་རེད། ཡང་དགུང་ལོ་ ༢༩ ལ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གཟིགས་ནས་གཞོན་ནུ་དོན་གྲུབ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང༌། མུ་སྟེགས་ཀྱི་སྟོན་པ་མང་པོ་དྲུང་དུ་ཕེབས། མཐའ་མ་ཆུ་བོ་ནཻརཉཇན་འགྲམ་དུ་ལོ་དྲུག་རིང་ནས་འབྲུ་ནས་ཕུང་ཙམ་ལ་བརྟེན་ནས་དཀའ་ཐུབ་སྤྱད་པའི་མཛད་པ་བསྟན་སྐབས་ངལ་ཞིང་དུབ་པའི་མཐའ་ལ་ལྷུང་བའི་བཟོ་འདྲ་ཞིག་ཡོད་རེད། ཧ་ཅང་དཀའ་ལས་བརྒྱབས་ནས་ལུས་མེས་ལ་ངལ་བ་ཤུགས་ཆེ་སྤྲོད་པ་དེའི་དབང་གིས་བདེན་པའི་གནས་ལུགས་ལ་གཟིགས་པ་རེད། དེ་རྗེས་འདོད་པ་བསོད་ཉམས་ཀྱི་མཐའ་དང་ངལ་ཞིང་དུབ་པའི་མཐའ་གཉིས་སྤངས་ནས་ཟས་རགས་པ་བཞེས་སྐུ་ཁྲུས་མཛད། རྡོ་རྗེ་གདན་གྱི་བྱང་ཆུང་ལྗོན་ཤིང་འོག་མཐའ་གཉིས་དང་བྲལ་བའི་དབུ་མའི་ལམ་ཉམས་བཞེས་གནང་བ་དེའི་ཐོག་ནས་སྲོད་ལ་བདུད་བཏུལ། གུང་ལ་མཉམ་པར་བཞག ཐོ་རངས་ལ་སྦྱོར་ལམ་དྲོད་ཡན་ཆད་སྟན་ཐོག་གཅིག་ལ་རྫོགས་པར་མཛད་དེ་མངོན་པར་རྫོགས་པ་སངས་རྒྱས་པའི་ཥཛད་པ་བསྟན་པ་རེད། དེ་ནས་ཆོས་འཁོར་དང་པོ་སྐོར་སྐབས་བསྒྲུབ་བྱ་ག་འདྲ་ཞིག་ཡིན་རུང་མཐའ་གཉིས་དེ་མ་སྤངས་པ་ཡིན་ན་མངོན་འདོད་ཀྱི་བསྒྲུབ་བྱ་བསྒྲུབ་མི་ཐུབ་ཅེས་ངོ་སྤྲོད་གནང་བའི་ཆེད་དུ་དབུ་མའི་ལམ་ཞེས་པའི་ཚིག་དེ་བེད་སྤྱོད་གནང་བ་རེད། དེ་ནས་བཟུང་སྟེ་ནང་ཆོས་ཀྱི་ཐ་སྙད་ནང་དབུ་མ་དང་དབུས་མ་ཞེས་པའི་ཚིག་དེ་བརྒྱུད་ཡོང་བ་རེད། དེ་རྗེས་ྋགོང་ས་ྋསྐྱབས་མགོན་ཆེན་པོས་བོད་ཀྱི་ཆབ་སྲིད་ནང་ཆབ་སྲིད་ཀྱི་འཛིན་སྐྱོང་ཁྱད་པར་བ་ཞིག་ལ་དབུ་མའི་ལམ་ཞེས་བཏགས་གནང་བ་རེད། ང་ཚོས་འཛིན་པའི་སྲིད་བྱུས་དེ། ཆབ་སྲིད་ཀྱི་མངའ་དབང་དང༌། མངའ་རིས་སམ་ས་ཁྱོན་ (Territory) ཆབ་སྲིད་ཀྱི་་ལམ་སྲོལ། རང་སྐྱོང་གི་ངོ་བོ་བཅས་དོན་ཚན་བཞིའི་ཐོག་ནས་མཐའ་གཉིས་དང་འབྲེལ་སྟངས་དེ་ཞུས་པ་ཡིན་ན་དབུ་མ་ཡིན་པ་དེ་གསལ་པོ་ངོ་འཕྲོད་ཐུབ། ཆབ་སྲིད་ཀྱི་མངའ་དབང་གི་དབང་དུ་བྱས་ན། རང་བཙན་གཙང་མ་རྒྱ་ནག་ནས་ཁ་བྲལ་འགྲོ་རྒྱུ་དེ་མཐའ་གཅིག་རེད། ནང་གི་རང་དབང་མེད་པར་ད་ལྟའི་གནས་བབས་བཞིན་བསྡད་རྒྱུ་དེ་མཐའ་གཞན་པ་དེ་རེད། མཐའ་གཉིས་པོ་དེ་སྤངས་ནས་རྒྱ་ནགག་ནས་ཁ་བྲལ་གྱི་རང་བཙན་གཙང་མ་དེའང་མིན་པ་དང༌། ད་ལྟ་བཞིན་བོད་རིགས་རྣམས་ཁ་ཐོར་དགུ་ཐོར་དུ་བསྡད་པ་དེ་དག་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་ཁས་ལེན་བྱས་པའི་ནང་གི་རང་དབང་ཙམ་ཡང་མ་རག་པ་དེ་ལྟ་བུ་མ་ཡིན་པར། རྒྱ་ནག་མིདམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ད་ལྟ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ནང་ཡོད་པའི་རང་སྲིད་རང་སྐྱོང་གི་གནས་བབས་ཡོངས་སུ་རྫོགས་པ་ཞིག་དགོས་ཀྱི་འདུག་ཅེས་གསུང་གི་ཡོད་ཙང༌། ཆབ་སྲིད་མངའ་དབང་གི་གནས་བབས་ཀྱི་ཆ་ནས་དབུ་མ་ཆགས་སྟངས་དེ་འདྲ་རེད། མངའ་རིས་སམ་ས་ཁྱོན་གྱི་དབང་དུ་བྱས་ན། རྒྱའི་མཆོད་རྟེན་དཀར་པོ་ཡན་ཆད་བོད་རིགས་མེད་པའི་ས་ཁྱོན་དེ་དག་ཀྱང་ལོ་རྒྱུས་ཀྱི་ཐོག་ནས་བོད་ནང་གཏོགས་མྱོང་ཡོད་ཙང༌། དེ་དག་ཆ་ཚང་དགོས་ཞེས་ཁྱབ་ཆེ་བའི་མཐའ་དེ་ང་ཚོས་བཟུང་གི་མེད། དེ་བཞིན་ད་ལྟའི་བོད་རང་སྐྱོང་ལྗོངས་ཟེར་བ་དེ་བོད་ཀྱི་ས་ཁྱོན་གྱི་གསུམ་ཆ་བཙག་ཟིན་མ་ཟིན་ཙམ་མ་གཏོགས་མེད་པའི་ཁྱབ་ཆུང་བའི་མཐའ་དེའང་བཟུང་གི་མེད། དེས་ན་གནའ་སྔ་སོའི་ལོ་རྒྱུས་དང་བསྟུན་ནས་རྒྱའི་མཆོད་རྟེན་དཀར་པོ་ཡན་ཆད་ཟེར་བ་ལ་སོགས་པ་དེ་འདྲའི་ཁྱབ་ཆེ་བའི་ས་ཁྱོན་ཡང་ཚུད་མི་དགོས་པ་དང༌། ད་ལྟ་གནའ་སྔ་མོའི་ལོ་རྒྱུས་དང་བསྟུན་ནས་རྒྱའི་མཆོད་རྟེན་དཀར་པོ་ཡན་ཆད་ཟེར་བ་ལ་སོགས་པ་དེ་འདྲའི་ཁྱབ་ཆེ་བའི་ས་ཁྱོན་ཡང་ཚུད་མི་དགོས་པ་དང༌། ད་ལྟ་བཞིན་བོད་ཀྱི་མངའ་ཁུལ་གྱི་གསུམ་ཆ་གཅིག་མ་འོངས་པའི་བོད་རང་སྐྱོང་ལྗོངས་ཟེར་བ་དེ་ཙམ་ལག་ཆ་མི་བཞག་པར། བོད་རིགས་གནས་པའི་ས་ཁྱོན་ཡོངས་སུ་རྫོགས་པ་ཞིག་དགོས་ཀྱི་ཡོད་ཅེས་ང་ཚོས་རེ་འདུན་གནང་གི་ཡོད་ཙང༌། ས་ཁྱོན་གྱི་ཆ་ནས་མཐའ་གཉིས་དང་བྲལ་བའི་དབུ་མ་ཡིན་སྟངས་དེ་འདྲ་རེད། ཆབ་སྲིད་ལམ་སྲོལ་གྱི་དབང་དུ་བྱས་ན། ཕྱི་ལོ་ ༡༩༥༩ སྔོན་དུ་ང་ཚོའི་ཆབ་སྲིད་ཀྱི་ལམ་སྲོལ་ནི་རྒྱལ་པོའི་རིང་ལུགས་དང་མཚུངས་ཀྱང༌། རྒྱལ་པོའི་རིང་ལུགས་རེད་ཅེས་བརྗོད་མི་ཐུབ། རྒྱ་མིས་བཤད་པའི་བཀས་བཀོད་བརྒྱུད་འཛིན་རིང་ལུགས་ཀྱང་ཆགས་ཀྱི་མེད། གང་ལགས་ཤེ་ན། བོད་ཀྱི་ཆབ་སྲིད་ཀྱི་མངའ་དབང་དེ་བརྒྱུད་འཛིན་བྱ་རྒྱུ་ཞིག་མེད། དེ་མི་གཅིག་གི་བཀས་བཀོད་འོག་ཏུ་འགྲོ་བ་ཞིག་ཀྱང་མེད། བར་ལམ་ནུས་ཕྱོགས་རྒྱལ་ཁབ་ཁག་ཏུ་བྱུང་བའི་རྒྱལ་པོའི་རིང་ལུགས་དང་ཡང་འདྲ་གི་མེད། དེ་བཞིན་ཕྱི་ལོ་ ༡༩༥༩ སྔོན་གྱི་བོད་གཞུང་དགའ་ལྡན་ཕོ་བྲང་གིས་འཛིན་སྐྱོང་བྱེད་སྟངས་ཀྱང་འགྲིགས་ཀྱི་མེད། ཚོགས་འདུ་ཆེན་མོ་ལ་སོགས་པ་མང་པོ་ཞིག་ཡོད་པ་བཤད་ཀྱི་ཡོད་ཀྱང༌། དེའི་ནང་ལ་མང་གཙོའི་རིང་ལུགས་ཀྱི་ཆ་ཤས་ཡོངས་རྫོགས་ཚང་གི་མེད། དེས་ན་ཕྱི་ལོ་ ༡༩༥༩ སྔོན་གྱི་གཞུང་དགའ་ལྡན་ཕོ་བྲང་གིས་ཆབ་སྲིད་སྐྱོང་སྟངས་ཀྱི་ལམ་སྲོལ་དེ་མཐའ་གཅིག་རེད། ད་ལྟ་རྒྱ་ནག་དང་བོད་ནང་གུན་བྲན་ཚོགས་པས་དབང་ཆ་ཚང་མ་གཅིག་སྡུ་དང༌། དེའི་ནང་ནས་མི་གཅིག་གིས་གཅིག་སྡུད་དབང་འཛིན་གྱིས་འཛིན་སྐྱོང་བྱེད་པ་དེ་མཐའ་གཞན་པ་དེ་རེད། མཐའ་དེ་གཉིས་དང་མི་མཐུན་པར། ཁྲིམས་བཟོ་དང༌། འཛིན་སྐྱོང༌། ཁྲིམས་ལུགས་དབང་འཛིན་གསུམ་སྡེ་ཚན་ཐ་དད་དུ་ཕྱེ་བ་དང༌། དེ་རྣམས་མང་ཚོགས་ཀྱིས་མང་མོས་འོས་འདེབས་ཀྱི་ཐོག་ནས་ཡོང་དགོས་པའི་མང་གཙོའི་རིང་ལུགས་ཡོངས་སུ་རྫོགས་པ་ཞིག་དགོས་ཀྱི་ཡོད་པ་དེ་ཆབ་སྲིད་ལམ་སྲོལ་གྱི་ཆ་ནས་དབུ་མའི་ལམ་དེ་རེད། རང་སྐྱོང་གི་ངོ་བོའི་ཐོག་ནས་བྱས་ན། རང་སྲིད་རང་སྐྱོང་གི་གནས་བབས་དེའང་རྒྱ་མིས་འགྲེལ་བཤད་རྒྱག་སྟངས་དང༌། ཕྱི་རྒྱལ་གྱིས་འགྲེལ་བཤད་རྒྱག་སྟངས་ང་ཚོས་འགྲེལ་བཤད་རྒྱག་སྟངས་བཅས་མི་འདྲ་བ་སྣ་ཚོགས་ཤིག་ཡོད། མདོར་བསྡུས་ཏེ་ཞུ་ན་མི་རིགས་རང་སྐྱོང་རྐྱང་པ་དེ་མཐའ་གཅིག་རེད། ས་གནས་རང་སྐྱོང་རྐྱང་པ་དེ་མཐའ་གཞན་པ་དེ་རེད། གལ་ཏེ་མི་རིགས་རང་སྐྱོང་རྐྱང་པ་དེ་ང་ཚོས་ལག་ལེན་དུ་བསྟར་ན། མི་རིགས་དེ་ལ་ས་གནས་ཀྱི་རང་སྐྱོང་དེ་རག་གི་མེད། མི་རིགས་དེ་ལ་རང་སྐྱོང་གི་ཐོབ་ཐང་གང་ཡོད་པ་དེ་ས་གནས་གང་དུ་བསྡད་ཀྱང་བེད་སྤྱོད་གཏང་རྒྱུ་ཞིག་མ་གཏོགས། ས་གནས་འདིའི་ནང་མི་རིགས་འདིའི་རང་སྐྱོང་འདི་རེད་ཅེས་མཚོན་ཐུབ་ཀྱི་མེད། དེང་སང་རྒྱལ་ཁབ་མང་པོའི་ནང་མི་རིགས་རང་སྐྱོང་ཡོད་པ་དང་ས་གནས་རང་སྐྱོང་མེད་པ་མང་པོ་ཡོད་རེད། ཁ་ཤས་ལ་ས་གནས་རང་སྐྱོང་ཡོད་པ་དང༌། མི་རིགས་རང་སྐྱོང་མེད་པ་དེ་འདྲའང་ཡོད་རེད། ས་གནས་གཅིག་ལ་རང་སྐྱོང་གི་གནས་བབ་སྤྲད་ན་ས་གནས་དེའི་ནང་ཡོད་པའི་མི་ཚང་མས་རང་སྐྱོང་གི་ཁེ་ཕན་ལོངས་སུ་སྤྱད་ཆོག་པ་དེ་བྱུང་ཡང༌། ང་ཚོར་ཕན་ཐོགས་ཀྱི་མེད། གང་ལགས་ཤེ་ན། ད་ལྟ་བོད་ནང་རྒྱ་མི་དང་བོད་མི་གཉིས་བསྡུར་ན་རྒྱ་མི་མང་བ་ཡོད། བོད་ལ་ས་གནས་རང་སྐྱོང་ཆ་ཚང་ཞིག་སྤྲད་ན་རྒྱ་མི་ལའང་རང་སྐྱོང་གི་ཐོབ་ཐང་གཅིག་གྱུར་རག་སོང་བ་ཡིན་ན་ང་ཚོར་རང་སྐྱོང་རག་དང་མི་རག་གི་ཁྱད་པར་མེད་པ་ལྟ་བུ་ཆགས་འགྲོ་གི་རེད། དེས་ན་མི་རིགས་རང་སྐྱོང་གི་མཐའ་དང་ས་གནས་རང་སྐྱོང་གི་མཐའ་གཉིས་དང་བྲལ་བའི་མི་རིགས་ས་གནས་རང་སྐྱོང་ཞེས་པ་དེ་དགོས་ཀྱི་ཡོད་པ་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུའང་གྲངས་ཉུང་མི་རིགས་ལ་རང་སྐྱོང་གི་གནས་བབས་ཤིག་ཁས་བླངས་པ་ཡིན་ཙང༌། བོད་པ་དེ་གྲངས་ཉུང་མི་རིགས་ཤིག་རེད། བོད་རིགས་ཡོངས་རྫོགས་ལ་རང་སྐྱོང་ཞིག་དགོས་ཀྱི་རེད། དེ་ནི་མི་རིགས་ཀྱི་རང་སྐྱོང་རེད། ཡིན་ནའང་མི་རིགས་རང་སྐྱོང་དེ་དང་མནམ་དུ་མི་རིགས་དེ་དག་གནས་སའི་ས་ཁུལ་ཟུར་དུ་ཕྱེ་ནས་ཆོལ་གསུམ་བོད་རིགས་གནས་ཡུལ་ཡོངས་སུ་རྫོགས་པ་དེ་ས་གནས་རང་སྐྱོང་ནང་ཚུད་དགོས་པ་ཡིན། དེས་ན་མི་རིགས་དང་ས་གནས་རང་སྐྱོང་གཉིས་མཉམ་དུ་འཛོམས་པ་བྱུང་ན་མངའ་ཁུལ་ཡང་ཡོད་པ་དང༌། རང་སྐྱོང་གི་གནས་བབས་དེའང་ཡོད་པ་ཆགས་ཀྱི་ཡོད། གང་ལྟར་རང་སྐྱོང་གི་ངོ་བོ་དེ་ས་གནས་ཀྱི་རང་སྐྱོང་རྐྱང་པ་མ་ཡིན་པར་མི་རིགས་རང་སྐྱོང་གི་ངོ་བོར་འགྲོ་བ་ཡིན་ཙང༌། བོད་ཀྱི་ས་གནས་ནང་བོད་རིགས་མ་ཡིན་པ་བསྡད་ཡོད་ན་དེ་ལ་ང་ཚོ་དང་ཐོབ་ཐང་འདྲ་མཉམ་གྱི་རང་སྐྱོང་གི་གནས་བབས་དེ་རག་གི་མེད། མདོར་བསྡུས་ན་ང་ཚོའི་ཆབ་སྲིད་ཀྱི་མི་ཚེའི་ནང་ཁོ་ཚོས་ཆ་ཤས་ལེན་ཐབས་མེད་པ་ཕྱི་མི་ལྟ་བུ་བསྡད་དགོས་པ་དེ་འདྲའི་གནས་བབ་ཤིག་རྩོད་ཀྱི་ཡོད། དེ་ལྟར་དོན་ཚན་བཞིའི་ཐོག་ནས་བལྟས་ན་ང་ཚོ་རང་སྲིད་རང་སྐྱོང་གི་གནས་བབས་རྩོད་རྒྱུ་དེ་མཐའ་གཉིས་དང་བྲལ་བའི་དབུ་མ་ཆགས་ཀྱི་ཡོད་ཅེས་ཞུས་པ་ཡིན་ན་ཕལ་ཆེར་མ་འགྲིགས་པ་མེད་མདོ་ཙམ་ཞིག་མ་གཏོགས་དུས་ཚོད་ངེས་ཅན་ནང་རྒྱས་ཤིང་རྒྱས་པ་ཞུ་ཐབས་མི་འདུག དེ་འདྲ་ཞིག་ཞུས་པ་ཡིན་ན་སློབ་སྦྱོང་གནང་མཁན་ཚོས་དེའི་ཐོག་ནས་ལམ་མདོར་བསྡུས་ཤིག་མཁྱེན་ཐུབ་ཀྱི་རེད། ད་ལྟ་ཞུས་པ་ནི་དབུ་མའི་ལམ་གྱི་བསྒྲུབ་བྱར་གྱུར་པའི་དབུ་མ་དེ་རེད། མདོར་བསྡུས་ན་བསྒྲུབ་བྱ་དབུ་མ་དེ་གང་རེད་ཅེ་ན། ཆོས་གསུམ་ཡོངས་རྫོགས་ཀྱི་བོད་རིགས་རྣམས་ལ་མི་རིགས་དང་ས་གནས་རང་སྲིད་རང་སྐྱོང་གི་གནས་བབས་ཆ་ཚང་ཡོད་དགོས་པ་དེ་རེད། དེ་སྒྲུབ་བྱེད་ཀྱི་ལམ་ནི་འཚེ་མེད་ཞི་བ་དེ་རེད། འཚེ་མེད་ཞི་བའི་ལམ་ནས་དེ་སྒྲུབ་ཀྱི་ཡོད། དེ་འདྲ་ཞིག་ལ་དབུ་མའི་ལམ་ཞེས་བརྗོད་ཀྱི་ཡོད། དེ་ལྟ་བུའི་དབུ་མའདྲི་ལམ་དེ་ད་ལྟའི་སྲིད་བྱུས་འདིའི་ཐོག་ལ་ཤ་མོ་སྐྱེས་པ་བཞིན་གློ་བུར་དུ་སླེབས་པ་ཞིག་ཡིན་ནམ། ཡང་ན་འདིའི་འཕེལ་རིམ་ནང་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་ཞིག་ཡོད། དེ་མཁྱེན་དགོས་པ་དེ་གལ་ཆེན་པོ་རེད། ད་ལྟའི་རང་སྲིད་རང་སྐྱོང་གི་གནས་བབས་སམ་དབུ་མའི་ལམ་གྱི་བསྒྲུབ་བྱ་དེ་ཡུན་རིང་ཞིག་ནས་དེ་ལྟ་བུའི་བྱུང་བའི་ནང་ནས་ཡོང་བ་ཞིག་རེད་མ་གཏོགས་གློ་བུར་དུ་ྋསྐྱབས་མགོན་རིན་པོ་ཆེས་དྲན་གནང་བ་དང༌། གློ་བུར་དུ་བཙན་བྱོལ་གཞུང་གིས་བསམ་པ་དེ་འདྲའི་གནས་སྟངས་ཤིག་ཆགས་ཀྱི་མེད། ང་ཚོས་ལོ་རྒྱུས་ནང་ཕྱར་བལྟས་བྱས་ན། ཕྱི་ལོ་ ༡༩༡༣།༡༤ ལོར་ལྕག་སྟག་སིམ་ལའི་ཆིངས་ཡིག་གཞག་རྒྱུའི་སྙིང་དོན་དེའང་ཕལ་ཆེར་ད་ལྟ་ང་ཚོས་བཤད་རྒྱུའི་རང་སྲིད་རང་སྐྱོང་གི་གནས་བབས་དང་གཅིག་པ་ལྟ་བུ་ཞིག་ཡོད། སིམ་ལའི་ཆིངས་ཡིག་ཐོག་སྐབས་དེ་དུས་རྒྱ་ནག་སྤྱི་མཐུན་རྒྱལ་ཀབ་ཀྱིས་མིང་རྟགས་བཀོད་པ་ཙམ་ལས་ཐེལ་ཙེ་བརྒྱབས་མེད། རྗེས་སུ་ངོས་ལེན་མ་བྱས་པའི་གནས་སྟངས་ཤིག་ཏུ་ཕྱིན་ཡང་བོད་དང་དབྱིན་ཇིའི་མངའ་འོག་ཏུ་ཡོད་པའི་རྒྱ་གར་གཉིས་ཀྱིས་མོས་མཐུན་དེ་ལ་མིང་རྟགས་དང་ཐེལ་ཙེ་བརྒྱབས་ཏེ་ལག་ལེན་བསྟར་རྒྱུའི་ཐབས་ཤེས་བྱས་པ་རེད། སིམ་ལའི་ཆིངས་ཡིག་གཡི་ནང་དོན་རྡོག་རྡོག་ནི་རྒྱ་མིའི་ཆབ་སྲིད་ཀྱི་མངའ་དབང་ཡོངས་སུ་རྫོགས་པ་ (Sovereignty)དེ་བོད་ཀྱི་ཐོག་ལ་མེད་ཀྱང༌། རྒྱ་ནག་གི་མིང་ཙམ་གྱི་མངའ་དབང་ (Suzerainty) དེ་བོད་ཀྱི་ཐོག་ལ་ཡོད་རེད་ཅེས་བཀོད་ཡོད། སྤྱིར་བཏང་ Sovereignty ཞེས་པའི་ཚིག་དེ་སྲིད་དོན་གྱི་ཚན་རིག་ནང་ཡོངས་གྲགས་རེད། དེ་ནི་མངའ་དབང་ཞེས་པ་དེ་རེད། Suzerainty ཞེས་པ་དེ་བོད་ཀྱི་ཐོག་ལ་མ་གཏོགས། རྒྱལ་ཁབ་གཞན་སུ་ལའང་བེད་སྤྱོད་བཏང་བ་བྱུང་མེད། དེ་ནི་མིང་ཙམ་གྱི་མངའ་དབང་ཞེས་པ་དེ་རེད། མིང་ཙམ་གྱི་མངའ་དབང་ཞེས་པ་དེ་ Suzerainty སྒྲ་སྒྱུར་ཏག་ཏག་ཡིན་མིན་མི་ཤེས་ཀྱང༌། སྔོན་མ་བོད་པ་མང་པོས་དེ་རང་བེད་སྤྱོད་བཏང་འདུག དེ་སྐབས་དབྱིན་ཇིའི་གཞུང་གིས་བོད་ཀྱི་ཐོག་ཏུ་བཙན་ཤེད་ལྟ་བུ་བཏང་ནས་རྒྱབ་ནག་གི་མིང་ཙམ་གྱི་མངའ་དབང་བོད་ཀྱི་ཐོག་ཏུ་ཡོད་པ་དེ་བོད་པར་ཁས་ལེན་བྱས་བཅུག་ཡོད། དེ་བཞིན་བོད་ལ་ནང་གི་རང་དབང་ཆ་ཚང་ཡོད་པ་དེ་རྒྱ་མིས་ཁས་ལེན་དགོས་ཀྱི་རེད་ཅེས་གསལ་ཡོད། Autonomy འདིར་ཞེས་པར་ནང་གི་རང་དབང་ཞེས་བཀོད་འདུག གང་ལྟར་སིམ་ལའི་ཆིངས་ཡིག་ནང་བོད་དང་རྒྱ་ནག་གཉིས་ཁ་བྲལ་དུ་མ་བཏང་བར་མཉམ་དུ་བསྡད་དགོས་རྒྱུ་ཞིག་བཟོས་ཡོད། དེ་དུས་དབྱིན་ཇིའི་དམིགས་ཡུལ་གཙོ་བོ་ནི་ཕྱི་འབྲེལ་དེ་བོད་པ་དང་ཐད་ཀར་བྱེད་མ་དགོས་པར་རྒྱ་ནག་བརྒྱུད་ནས་ཐུབ་པ་ཞིག་བྱུང་ན་བསམ་པ་ཞིག་ཡོད། དེ་མིན་གྱི་ཙག་ཙིག་གི་དམིགས་ཡུལ་གཞན་པའང་ཡོད་རེད། གང་ལྟར་སྐབས་དེ་དུས་མིང་ཙམ་གྱི་མངའ་དབང་བོད་ཀྱི་ཐོག་ཏུ་བཞག་ནས་བོད་ཀྱིས་རྒྱལ་ཁབ་གཞན་མཉམ་དུ་ཆབ་སྲིད་ཀྱི་གཞུང་ཚབ་གཏོང་རེས་བྱེད་པའི་འབྲེལ་ལམ་ (Diplomatic Relation) དེ་ཐད་ཀར་བྱེད་ས་མེད་པར་རྒྱ་ནག་བརྒྱུད་ནས་བྱེད་དགོས་པ་དེ་ཡོང་རྒྱུའི་དམིགས་ཡུལ་བཟུང་སྟེ་གྲུབ་མིན་ལ་མ་ལྟོས་པར་ཐབས་ཤེས་བྱས་པ་རེད། དེ་དུས་ནས་རང་སྲིད་རང་སྐྱོང་གི་གནས་བབས་ཙམ་ཞིག་མ་གཏོགས། རང་དབང་རང་བཙན་གྱི་གནས་བབས་མེད་པ་དེ་རྒྱལ་སྤྱིའི་ནང་གསལ་པོ་བཟོ་རྒྱུའི་འབད་རྩོལ་བྱས་པ་རེད་ལ། དེ་ལ་ང་ཚོས་ཀྱང་གང་ལ་གང་འཚམས་ཤིག་ཁས་ལེན་བྱས་ཡོད། ཡིན་ནའང་སིམ་ལའི་ཆིངས་ཡིག་བཞག་སྟེ་ཕྱི་ལོ་ ༡༩༥༡ བར་བོད་ནང་སིམ་ལའི་ཆིངས་ཡིག་གི་འབྲུ་དོན་དང་མཐུན་པའི་ལག་ལེན་གང་ཡང་བསྟར་མེད། ཕྱི་ལོ་ ༡༩༢༤ དང་ ༡༩༣༤ ༡༩༤༤ སོ་སོར་བཞག་པའི་བོད་དང་དབྱིན་ཇིའི་མངའ་འོག་གི་རྒྱ་གར་གཉིས་བར་གྱི་ཚོང་འབྲེལ་གྱི་ཆོད་གན་རྣམས་རྒྱལ་ཁབ་གཉིས་ཐད་ཀར་བཞག་པ་མ་གཏོགས། སིམ་ལའི་ཆིངས་ཡིག་གི་ཟླས་དྲངས་ནས་དབྱིན་ཇིས་རྒྱ་ནག་བརྒྱུད་དེ་ང་ཚོའི་མཉམ་ཆིངས་ཡིག་བཞག་པ་དེ་འདྲ་བྱུང་མེད།

Read More »

དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་དང་བྱུང་རིམ་གྲུབ་འབྲས་བཅས་ཀྱི་ངོ་སྤྲོད།

སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག ༈ ཆེད་བརྗོད། ༄༅།། ཕྱི་ལོ་༡༩༤༩ ལོར་རྒྱ་ནག་ཏུ་དམར་ཤོག་གི་གཅིག་སྡུད་དབང་འཛིན་རིང་ལུགས་བྱུང་འཕྲལ་བོད་དུ་དྲག་དམག་གིས་བཙན་འཛུལ་དང༌། མཐར་བོད་ལྗོངས་ཡོངས་རྫོགས་ཕྱི་ལོ་༡༩༥༡ ལོར་གྲོས་མཐུན་དོན་ཚན་བཅུ་བདུན་བརྒྱུད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་འོག་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ངོས་ལེན་བྱ་དགོས་བྱུང་ཞིང༌། ྋགོང་ས་མཆོག་དང་བོད་ས་གནས་གཞུང་ནས་ལྷག་བསམ་རྣམ་དག་གིས་གྲོས་མཐུན་གཞི་བཟུང་རང་སྐྱོང་གནས་བབ་ཅིག་ཡོང་ཐབས་འབད་བརྩོན་ཡོད་རྒུ་རྩལ་སྤྲུགས་གནང་རུང་དོན་ཕན་མ་བྱུང་བར། ཕྱི་ལོ་༡༩༥༩ ལོར་བོད་གཞུང་མང་འུ་ཐུག་ཐབས་ཟད་ཀྱིས་ཞི་བའི་གྱེན་ལངས་དང༌། ྋགོང་ས་མཆོག་གིས་དབུས་གཞུང་མང་བཙན་བྱོལ་དུ་ཕེབས་དགོས་བྱུང་རྗེས་ལོ་ཤས་རིང་རང་བཙན་བསྐྱར་གསོའི་ཐུགས་རེ་གནང་རུང༌། རིམ་བཞིན་རྒྱལ་སྤྱི་དང་རྒྱལ་ནང་གཉིས་ཀའི་དངོས་ཡོད་གནས་ཚུལ་ལ་བསྟུན་པའི་སྲིད་བྱུས་ཤིག་མ་བཟུང་ཐབས་མེད་གྱུར་སྟབས། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་ལམ་སྟོན་འོག་བཙན་བྱོལ་བོད་གཞུང་བཀའ་ཤག་དང་སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་སོགས་མང་གཙོའི་སྒྲིག་འཛུགས་ཀྱི་གྲོས་ལ་དབང་བ་རྣམས་ཀྱིས་དགོངས་དཔྱད་བཀའ་བསྡུར་རིམ་གནང་རྗེས། ཕྱི་ལོ་༡༩༧༤ ལོར་རང་བཙན་བསྐྱར་གསོའི་ཚབ་ཏུ་ཆོལ་གསུམ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཞིག་ཡོང་ཐབས་གནང་རྒྱུའི་མཛད་བྱུས་གཏན་འབེབས་བྱུང་བ་དེ་ལ་རྗེས་སུ་༼དབུ་མའི་ལམ་གྱི་སྲིད་བྱུས་༽ཞེས་རྒྱལ་སྤྱིའི་ནང་ཡོངས་གྲགས་སུ་གྱུར་པ་དང༌། ཕྱི་ལོ་༡༩༧༩ ལོར་རྒྱ་གཞུང་གི་ཆེས་མཐོའི་དབུ་ཁྲིད་དེང་ཞའོ་ཕིང་གིས་ྋགོང་ས་མཆོག་ལ་འབྲེལ་མོལ་གྱི་གྲོས་འཆར་འདོན་སྐབས་རང་ཕྱོགས་ནས་ཐག་གཅོད་སྔར་ཡོད་ལ་བརྟེན་འཕྲལ་དུ་བཀའ་ལན་གནང་བདེ་བྱུང་ཡོད། དེ་ནས་བཟུང་ད་བར་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ནང་དོན་ཞིབ་ཆ་ལ་འགྱུར་འགྲོས་ཅི་རིགས་སོང་ཡང་སྤྱི་སྒྲོམ་ཁ་བྲལ་མི་རྩོད་ཅིང༌། ད་ལྟའི་གནས་བབ་ལ་འགྱུར་བ་དགོས་པའི་བཞེངས་ཕྱོགས་དེར་གཞིས་བྱེས་བོད་མི་མང་ཚོགས་དང༌། གྲོས་ཚོགས་ནས་མང་མོས་སྤྱི་མོས་ཀྱི་རྒྱབ་སྐྱོར་རིམ་བྱུང་ལ་བརྟེན་འགྱུར་མེད་བརྟན་བཟུང་མཛད་པས། རྒྱལ་སྤྱི་དང་རྒྱ་ནག་མང་ཚོགས་ནས་རྒྱབ་སྐྱོར་ཤུགས་ཆེ་ཐོབ་པ་སོགས་དགེ་མཚན་རླབས་ཆེན་བྱུང་ཡོད་གཤིས། ྋགོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་དང༌། མང་ཚོགས་ཀྱི་རྣམ་དཔྱོད་ལ་ཡི་རངས་བསྔགས་བརྗོད་བྱེད་ཀྱི་ཡོད། འོན་ཀྱང་བར་སྐབས་ཀྱི་འགྱུར་འགྲོས་འགའ་ཤས་གསལ་རྟོགས་མེད་མཁན་ཡང་ཉུང་ཤས་ཡོད་ཁར། འགའ་རེས་གསལ་རྟོགས་མེད་ཁུལ་དུ་བμུས་པ་སོགས་ཅི་རིགས་ལ་བརྟེན་མང་ཚོགས་སུ་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་སྒྲོ་སྐུར་དང་འཁྱོག་བཤད། ཐེ་ཚོམ་སོགས་ཇི་སྙེད་ཅིག་བྱུང་བ་རྣམས་ྋགོང་ས་མཆོག་དང་བཀའ་ཤག་གིས་འགྲེལ་བརྗོད་སྔ་རྗེས་དང༌། གྲོས་ཚོགས་ཀྱི་ལས་རིམ་སོགས་ནས་གསལ་བཀྲོལ་ཟིན་པ་དེ་ལྟར་ཡང༌། ད་དུང་གལ་ཆེ་ནན་དཔེར་གལ་ཆེའི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་དང་བྱུང་རིམ། ཞིབ་གནས་འགྱུར་འགྲོས་བཅས་མང་ཚོགས་ཀྱིས་གོ་རྟོགས་སྒྲོ་འདོགས་ཆོད་ངེས་ཤིག་ཡོང་ཐབས་སུ་བཀའ་ཤག་གིས་༼དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་དང་བྱུང་རིམ་གྲུབ་འབྲས་བཅས་ཀྱི་ངོ་སྤྲོད།༽ ཅེས་པའི་འགྲེལ་བརྗོད་ཡིག་ཆ་ཕྱོགས་བསྒྲིགས་ཀྱིས་པར་བསྐྲུན་ཞུས་ཡོད། ཡིག་ཆ་འདིས་བོད་མིའི་སྤྱི་ཚོགས་ཁྲོད་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་གནད་དོན་ངོ་མ་གོ་རྟོགས་ཐུབ་པ་ཡོང་རྒྱུ་དང༌། དེ་ལ་བརྟེན་ནས་སྲིད་བྱུས་འདི་ལ་རྒྱབ་སྐྱོར་དང་དགག་བྱ་གནང་མཁན་སུ་ཡིན་རུང་མུན་ནག་མདའ་འཕེན་ལྟ་བུ་མ་ཡིན་པར་དངོས་དོན་རྟོགས་པའི་ཐོག་ནས་རྒྱབ་སྐྱོར་རམ་དགག་བྱ་གནང་ཐུབ་པའི་རེ་བ་ཡིན། བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ཕྱི་ལོ་༢༠༡༠ ཟླ་༨ ཚེས་༡༥ ལ།། །། ༡ སྔོན་གླེང༌། དབུ་མའི་ལམ་གྱི་སྲིད་བྱུས་ནི་རང་རྒྱལ་གཞན་ཕམ་མ་ཡིན་པར་རིས་སུ་མ་ཆད་པའི་སྐྱེ་འགྲོ་ཡོངས་ཀྱི་བདེ་ཐབས་ཆེད་དྲང་བདེན་དང༌།༼མས་བརྩེ། འཚེ་བ་མེད་པ། མཛའ་མཐུན་དང་གུ་བཤངས་བཅས་གཉིས་ཕན་རང་བཞིན་ཅན་གྱི་དགོངས་ཡངས་དཀྱེལ་ཆེའི་སྲིད་བྱུས་ཤིག་ཡིན། ཕྱི་ལོ་༡༩༥༩ ལོར་ྋསྤྱི་ནོར་གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་བརྒྱད་ཁྲི་བརྒལ་བ་བཙན་བྱོལ་དུ་ཡོང་དགོས་བྱུང་རྗེས་ལོ་ཤས་རིང་བོད་མི་ན་གཞོན་རྣམས་ལ་ཤེས་ཡོན་སློབ་གསོ་དང༌། ཆོས་དང་རིག་གཞུང་གི་བདག་གཅེས། མང་ཚོགས་ཀྱི་གཞིས་ཆགས་གསར་འཛུགས་སོགས་ཛ་དྲག་གི་གནས་ཚུལ་འོག་འབྱུང་འགྱུར་བོད་མིའི་ཆབ་སྲིད་ཀྱི་གནས་བབ་སྐོར་ངེས་གཏན་རྙེད་པའི་སྲིད་བྱུས་ཤིག་གཏན་འབེབས་གནང་མ་གྲུབ་ཀྱང༌། ཕྱི་ལོ་༡༩༦༧་་་༦༨ ཙམ་ནས་ྋསྤྱི་ནོར་གོང་ས་ྋསྐྱབས་མགོན་ཆེན་པོས་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་ཚུལ་ཡོངས་ལ་ཐུགས་ཞིབ་དགོངས་བཞེས་གཏིང་ཟབ་དང་འབྲེལ། སྐབས་དེའི་སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་དང༌། བཀའ་ཤག་སོགས་གྲོས་ལ་དབང་བ་རྣམས་དང༌། མཁས་མྱོང་ལྡན་པའི་བོད་ཀྱི་གྲོགས་པོ་རྣམས་ལ་གོ་བསྡུར་བགྲོ་གླེང་དང་དཔྱད་ཞིབ་གཏིང་ཟབ་རྒྱུན་རིང་གནང་འབྲས་སུ་ཕྱི་ལོ་༡༩༧༤ ལོར་ནམ་ཞིག་བོད་རྒྱ་གཉིས་དབར་འབྲེལ་མོལ་གྱི་གོ་སྐབས་ཤིག་ཤར་ཚེ་རང་བཙན་རྩོད་གླེང་མི་གནང་བར་རང་སྐྱོང་གི་གནས་བབ་མིང་དོན་མཚུངས་པ་ཞིག་འཐོབ་ཐབས་གནང་རྒྱུའི་ནང་དོན་སྲིད་བྱུས་གཏན་འབེབས་གནང་ཡོད་པ་ལྟར། ཕྱི་ལོ་༡༩༧༩ ལོར་སྐབས་དེའི་རྒྱ་ནག་གི་ཆེས་མཐོའི་དབུ་ཁྲིད་ཏེང་ཞའོ་ཕིང་གིས་བོད་རྒྱ་འབྲེལ་མོལ་གྱི་གྲོས་འཆར་བཏོན་སྐབས་རང་ཕྱོགས་ནས་བཀའ་ལན་གནང་བདེའི་གོ་སྒྲིག་སྔོན་ཡོད་ལ་བརྟེན་འཕྲལ་དུ་འབྲེལ་ལམ་འགོ་ཚུགས་ཐུབ་པ་བྱུང་ཞིང༌། དེ་ནས་བཟུང་དབུ་མའི་ལམ་གྱི་སྲིད་བྱུས་བརྟན་བཟུང་གིས་བོད་ཀྱི་གནད་དོན་འགྲིག་ཆགས་ཡོང་ཐབས་འབད་བརྩོན་ལན་དགུ་ཆད་མཐུད་ཀྱི་ཚུལ་དུ་གནང་ཡང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམ་པའི་ངོས་ནས་བཟང་ཕྱོགས་ཀྱི་ཡ་ལན་གང་ཡང་མ་བྱུང་བའི་ཁར། བོད་ནང་གི་གནས་ཚུལ་ད་དུང་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཏེ་ཕྱི་ལོ་༡༩༨༧ ནས་༡༩༨༩ བར་བོད་མིའི་ཞི་བའི་གྱེན་ལངས་དང༌། དེ་ལ་དྲག་གནོན། དེའི་རྗེས་སུའང་རྒྱུན་དུ་མང་ཚོགས་སྤྱི་དང༌། ལྷག་པར་ཆོས་བྱེད་དགེ་འདུན་པ་རྣམས་ལ་དོ་དམ་བཏང་འཛིན་དང༌། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སོགས་བཟོད་དཀའི་བསུན་བཙེར་བར་མེད་ཀྱིས་མཐའ་མཇུག་ཕྱི་ལོ་༢༠༠༨ ལོར་བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱིས་བོད་ས་ཡོངས་སུ་ཞི་རྒོལ་ཆེན་མོ་བྱུང་བ་དང༌། དེ་ཡང་མི་སྤྱོད་ལས་འདས་པའི་དྲག་གནོན་གྱིས་གསོད་རྡུང་བཙོན་འཇུག་མནར་གཅོད་ཚད་མེད་ད་བར་རྒྱུན་ཆད་མེད་པར་གཏོང་བཞིན་པ་དང༌། བར་སྐབས་ལོ་དགུ་ཙམ་རིང་ཆད་པའི་བོད་རྒྱའི་ཐད་འབྲེལ་ཕྱི་ལོ་༢༠༠༢ ནས་བསྐྱར་གསོ་བྱུང་བ་ནས་བཟུང་འབྲེལ་མོལ་ཐེངས་དགུ་བྱས་རུང༌། རྩ་དོན་ཐོག་གྲུབ་འབྲས་མ་ཐོན་པ་བཅས་ལ་བརྟེན། གཞིས་བྱེས་བོད་མིའི་སྤྱི་ཚོགས་ནང་བཟོད་བསྲན་དང་རེ་བ་ཇེ་ཆུང་དུ་ཕྱིན་ཏེ་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཐེ་ཚོམ་དང༌། ཐབས་ལམ་གཞན་འཚོལ་ལེགས་ཀྱི་བསམ་ཚུལ་འདོན་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། སྤྱིར་བཏང་ཕྱི་ལོ་༢༠༠༨ ལོར་དམིགས་བསལ་ཚོགས་ཆེན་སྐབས་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཚད་མཐོའི་མང་མོས་ཀྱིས་རྒྱབ་སྐྱོར་ཐོབ་པ་དང༌། ༢༠༡༠ ཟླ་༣ ཚེས་༢༠ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་གྲོས་ཆོད་ཀྱི་ལམ་ནས་རྒྱབ་སྐྱོར་བྱུང་བ་ལྟར་བཙན་བྱོལ་སྒྲིག་འཛུགས་ཀྱིས་གདེང་སྤོབས་ཆེན་པོས་སྲིད་བྱུས་འདི་ཉིད་རྒྱུན་སྐྱོང་ལག་བསྟར་བྱེད་མུས་ཡིན་ཞིང༌། བོད་ནང་གི་དངོས་ཡོད་གནས་ཚུལ་དང་རྒྱ་གཞུང་དབང་འཛིན་པའི་བྱེད་ཕྱོགས་ལ་གཞིགས་ཏེ་བཟོད་བསྲན་ངང་སྒུག་མ་ཐུབ་མཁན་ཚོ་ཡང་ཐུགས་ཁག་མེད་པ་གོ་རྟོགས་ཐུབ་ངེས་ཀྱང༌། ཁྱོན་ཡོངས་ཀྱི་གནས་ཚུལ་གཞི་རྒྱ་ཆེ་ས་ནས་བལྟས་ན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་གྲུབ་འབྲས་གང་ལེགས་ཐོན་ཡོད་གཤིས། སྲིད་བྱུས་འདིའི་ངོ་བོ་དང་བྱུང་རིམ་གྲུབ་འབྲས་བཅས་མང་ཚོགས་ལ་སླར་ཡང་ཞིབ་གསལ་ངོ་སྤྲོད་བྱ་རྒྱུ་དུས་ཀྱི་དགོས་མཁོར་མཐོང༌། ༢ དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ལྟ་གྲུབ་ཀྱི་གཞི་རྟེན། ྋགོང་ས་ཆེན་པོས་སྙིང་རྗེའི་སྙིང་པོ་ཅན་གྱི་ལྷག་བསམ་(Universal Responsibility) གྱི་དགོས་པ་དང༌། དེ་བཞིན་དཀའ་རྙོག་གང་ཡིན་ཡང་གཉིས་མོས་མཛའ་མཐུན་ལམ་ནས་སེལ་དགོས་པའི་ལམ་སྟོན་འཇིག་རྟེན་ཡོངས་ལ་མཛད་དེ། དུས་རབས་ཉི་ཤུ་པ་ནི་དམག་འཁྲུག་འཐབ་རྩོད་ཀྱི་དུས་རབས་ཤིག་ཏུ་འདས་ཀྱང༌། ད་ཆ་དུས་རབས་ཉེར་གཅིག་པ་འདི་དཀའ་རྙོག་རྣམས་བགྲོ་གླེང་གི་ལམ་ནས་སེལ་བའི་དུས་རབས་གསར་པ་ཞིག་ཏུ་བསྐྲུན་དགོས་པའི་སློབ་སྟོན་གནང་བཞིན་ཡོད། དེ་ཡང་ྋགོང་ས་མཆོག་གིས་ཕྱི་ལོ་༡༩༨༤ ལོའི་གསུམ་དུས་གསུང་འཕྲིན་ནང་༼ཡར་རྒྱས་ཆེ་ཆུང་དང༌། དཔལ་འབྱོར་བཟང་ཞན་ལ་མ་ལྟོས་པར་འཛམ་གླིང་འདིའི་སྟེང་གི་རྒྱལ་ཁབ་རྣམས་དང༌། ཡུལ་སྡེ་ཕན་ཚུན། ཐ་ན་གྲོང་པ་ཁྱིམ་མཚེས། མདོར་ན་ལས་གྲྭའམ། ཁྱིམ་ཚང་གཅིག་གི་ནང་མི་ཚུན་ཆད། མིའི་རིགས་ཐམས་ཅད་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་སྒོ་ནས་འཚོ་ཞིང་གནས་དགོས་པ་དང༌། ཐམས་ཅད་ཀྱང་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པའི་བསམ་ཚུལ་གཅིག་གྱུར་ཡིན་པ་བཅས་ཤེས་རྟོགས་གསལ་པོ་ཐུབ་པ་བྱས་ཏེ། མི་དང་མིའི་བར་ཕན་ཚུན་བྱམས་པ་དང་བརྩེ་བའི་བསམ་ཚུལ་འཛིན་པ་དང༌། དྲང་བདེན་རྩ་བར་བཟུང་བའི་ཉན་ཤེས་གོ་ཤེས་བཅས་བྱས་ན། ཆེ་ས་རྒྱལ་སྤྱིའི་ནང་གི་དཀའ་རྙོག་ནས། ཆུང་ས་ཁྱིམ་ཚང་གཅིག་ནང་གི་དཀའ་རྙོག་ཐམས་ཅད་ངང་གིས་སེལ་ཏེ་གཞི་ནས་མི་རྣམས་ཞི་བདེ་བག་ཕེབས་སུ་གནས་ཐུབ་པའི་རེ་བ་ཡོད།༽ཅེས་གསུངས་ཡོད། འཇིག་རྟེན་སྤྱི་ལ་དེ་འདྲའི་སློབ་སྟོན་གནང་བ་བཞིན་བོད་ཀྱི་རྩ་དོན་སྒྲུབ་ཐབས་ཀྱང་དེ་དང་དོན་མཐུན་པ་ཞིག་གནང་བཞེད་དང༌། རང་བཙན་རྩོད་ན་གཉིས་མོས་བགྲོ་གླེང་ཡོང་ཐབས་བྲལ་ཞིང༌། བགྲོ་གླེང་དང་གུ་བཤངས་ཀྱི་ལམ་ནས་རྩ་དོན་བསྒྲུབ་དགོས་ན་གཉིས་སྨན་གྱི་ལམ་ཕྱོགས་ཤིག་མ་བཟུང་ཐབས་མེད་ཡིན་པའི་ལྟ་གྲུབ་ལ་གཞི་བཅོལ་བ་ཡིན། ༣ དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ། བོད་ཀྱི་རྩ་དོན་སྒྲུབ་ཐབས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་ནི། བོད་རང་བཙན་བསྐྱར་གསོ་བྱས་ཏེ་རྒྱ་ནག་ནས་ཁ་བྲལ་དུ་འགྲོ་རྒྱུའི་མཐའ་དང༌། ད་ལྟའི་བོད་ཀྱི་གནས་བབ་རང་འཇགས་བསྡད་རྒྱུའི་མཐའ་གཉིས་དང་བྲལ་བའི་དབུས་ནས་བོད་དོན་བདེན་མཐའ་གསལ་ཐབས་བྱ་རྒྱུའི་སྲིད་བྱུས་ལ་དབུ་མའི་ལམ་གྱི་སྲིད་བྱུས་ཞེས་བརྗོད་པ་ཡིན། བོད་དོན་འགྲིག་ཆགས་ཡོང་བ་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་སུ་གསལ་བའི་རང་སྐྱོང་གི་ཆ་རྐྱེན་རྣམས་གཅིག་ཀྱང་མ་ལུས་པ་མིང་དོན་མཚུངས་པར་ལག་བསྟར་བྱེད་དགོས་པ་དང༌། བོད་རིགས་ཡོངས་རྫོགས་རང་སྐྱོང་འཛིན་སྐྱོང་གཅིག་གི་འོག་ངེས་པར་དུ་ཚུད་དགོས་པ། དེའི་སྒྲུབ་ཐབས་འཚེ་བ་མེད་པའི་ལམ་འབའ་ཞིག་ལ་བརྟེན་རྒྱུ་བཅས་ནི་སྲིད་བྱུས་འདིའི་འདོར་ཐབས་མེད་པའི་སྙིང་དོན་ཡིན། དེ་བཞིན་བོད་ཀྱི་བྱུང་རབས་ཀྱི་ཐད་འདས་པའི་དོན་ལ་བསྐྱར་བཟོ་བྱེད་ཐབས་མེད་པས་སྲིད་དོན་གྱི་དམིགས་ཡུལ་བཟུང་ནས་འཁྱོག་བཤད་བྱས་པའི་བྱུང་རབས་ལ་ངོས་ལེན་བྱ་ཐབས་མེད་ཀྱང༌། འབྱུང་འགྱུར་གྱི་འགྲིག་ཆགས་འཚོལ་སྐབས་འདས་པའི་བྱུང་རབས་ཀྱིས་འགལ་རྐྱེན་ཡང་མི་འབྱུང་བ་བྱ་རྒྱུ་སྲིད་བྱུས་འདིའི་ཁྱད་ཆོས་ཡིན། ༤ དབུ་མའི་ལམ་གྱི་སྲིད་བྱུས་གཟུང་དགོས་པའི་རྒྱུ་མཚན། ཀ ད་ལྟའི་འཇིག་རྟེན་འདི་སྲིད་བྱུས་གང་ཡང་དངོས་དོན་གནས་ཚུལ་དང་མཐུན་པའམ། དངོས་དོན་རིང་ལུགས་(Pragmatic)ལྟར་མ་འཛིན་ཐབས་མེད་ཀྱི་དུས་སྐབས་ཡིན། ཁ དེར་བརྟེན་རྒྱལ་ཁབ་རང་ཉིད་ཁེར་རྐྱང་གི་ཐོབ་ཐང་གཅིག་པུར་ལྟ་བའི་དུས་ཚོད་ཡོལ་ཏེ་ཡོ་རོབ་སྤྱི་མཐུན་ལྟ་བུའི་ནང་སྤྱིའི་ཁེ་ཕན་གཙོ་བཟུང་གིས་རྒྱལ་ཁབ་མང་པོས་རང་བཙན་གྱི་ཁེ་ཕན་མི་ཉུང་བ་ཞིག་བློས་བཏང་གིས་མཉམ་མཐུན་སྒྲིག་འཛུགས་ནང་ཞུགས་བཞིན་པ་སོགས། ད་ལྟའི་དུས་རབས་འདིར་གཅིག་ལ་གཅིག་བརྟེན་མ་བྱས་པར་ཁེར་རྐྱང་སྡོད་ཐབས་མེད་པ་དངོས་ཡོད་ཀྱི་གནས་ཚུལ་ཆགས་ཡོད། ག རྒྱལ་ཁབ་མང་པོའི་ནང་མི་རིགས་དང༌། ལེགས་བྱང༌། སྐད་ཡིག་ལ་བརྟེན་པའི་ཚད་མཐོའི་རང་སྐྱོང་ས་ཁུལ་མང་པོ་ཡོད་པ་རྣམས་ལེགས་གནས་ཐུབ་པ་མ་ཟད། རྒྱལ་ཁབ་ཀྱི་མངའ་རིས་ཆིག་བསྒྲིལ་དང་བརྟན་ལྷིང་ལ་ཕན་ཐོགས་ཆེན་པོ་ཡོང་བཞིན་པ་ཡིན། ང ཁྱད་པར་དུ་བོད་རིགས་མི་འབོར་ས་ཡ་དྲུག་ཙམ་ལས་མེད་པ་དེ་ཡང་མདོ་སྟོད་སྨད་ཀྱི་ས་ཁྱོན་མང་པོ་མཐའ་ནས་རིམ་ཟོས་ཀྱིས་དགའ་ལྡན་ཕོ་བྲང་གི་མངའ་འོག་ནས་ཟུར་དུ་གྱེས་ཏེ་ཕྱི་ལོ་༡༩༥༡ ལོར་བོད་རང་བཙན་ཤོར་སྐབས་བོད་ཀྱི་ས་ཁྱོན་ནི་ད་ལྟ་བོད་རང་སྐྱོང་ལྗོངས་ཟེར་བ་དེ་ཙམ་ལས་མེད་པར་གྱུར་ཟིན་པས། ལོ་རྒྱུས་དང་སྦྲེལ་ཏེ་རང་བཙན་བསྐྱར་གསོ་བྱུང་ཡང་བོད་མི་བརྒྱ་ཆ་ལྔ་བཅུ་ལྷག་ཅིག་དེའི་ཕྱི་རོལ་ཏུ་ཡོད་སྟབས་བོད་སའི་ཆ་ཤས་ཤིག་རྒྱ་ནག་ནས་ཁ་བྲལ་བ་ལས་བོད་རིགས་ཡོངས་རྫོགས་གཅིག་གྱུར་གྱིས་རང་སྐྱོང་མིང་དོན་མཚུངས་པ་ཞིག་བྱུང་ན་འཕྲལ་ཕུགས་དགེ་མཚན་ཆེ་བའི་རྒྱུར་མངོན་པས་འདི་ཡང་བསམ་ཞིབ་དགོས་པ་ཡིན། ཅ བོད་ནི་སྐམ་སས་བསྐོར་བའི་ཡུལ་ལུང་ཞིག་ཡིན་སྟབས། སྟོབས་ཆེན་ཁྱིམ་མཚེས་ལ་མ་བརྟེན་པར་དཔལ་འབྱོར་དང༌། དངོས་པོའི་ཡར་རྒྱས། དེང་རབས་ཀྱི་དཔལ་ཡོན་རྣམས་འཐོབ་དཀའ་བས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་གནས་རྒྱུར་ཕྱི་དངོས་པོའི་ཁེ་ཕན་ཡོད། ཆ བོད་དོན་བདེན་མཐའ་གསལ་ཐབས་ཀྱི་གཞི་རྒྱ་ཆེ་བའི་ལས་དོན་རྒྱལ་སྤྱིའི་ནང་རྒྱུན་སྐྱོང་ཐུབ་པར་གཞུང་དང་སྒྲིག་འཛུགས་ཁག་གི་རྒྱབ་སྐྱོར་ངེས་པར་དུ་འཐོབ་དགོས་པ་མ་ཟད། བོད་དོན་བདེན་མཐའ་མ་གསལ་བར་བཙན་བྱོལ་སྒྲིག་འཛུགས་ཀྱང་རྒྱུན་གནས་ཐུབ་པ་ཞིག་མེད་དུ་མི་རུང་བ་ཡིན། ཇ ལྷག་པར་བོད་ནང་ལེགས་བྱང་དང༌། ཁོར་ཡུག མི་རིགས་ཀྱི་ངོ་བོ་དང་བཅས་པ་རྩ་གཏོར་འགྲོ་གཞིའི་ཛ་དྲག་གི་དཀའ་ངལ་ལས་སྐྱོབ་ཐབས་བྱེད་དགོས་པ་སོགས་རྒྱུ་མཚན་རྣམ་གྲངས་མང་པོ་ཡོད། ༥ དབུ་མའི་ལམ་གྱི་སྲིད་བྱུས་མང་གཙོའི་ལམ་སྲོལ་གྱི་བརྒྱུད་རིམ་ནས་གཏན་འབེབས་བྱུང་ཚུལ། ཀ དབུ་མའི་ལམ་གྱི་སྲིད་བྱུས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དགོངས་འཆར་ཡིན་ཡང་དེའི་གཏན་འབེབས་ྋགོང་ས་མཆོག་གིས་ཐད་ཀར་གནང་བ་མིན། མང་གཙོའི་ལམ་སྲོལ་གཞི་བཟུང་སྐབས་དེའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བཀའ་བློན་སོགས་མང་ཚོགས་ཀྱི་སྐུ་ཚབ་མཚོན་པའི་གང་ཟག་དང་སྒྲིག་འཛུགས་ཡོངས་ལ་གོ་བསྡུར་གནང་བ་བརྒྱུད་སྤྱི་མོས་ཀྱིས་གཏན་འབེབས་དང་ཕྱག་བསྟར་གནང་ཡོད། རྒྱ་གཞུང་མཉམ་འབྲེལ་མོལ་ཐེངས་མང་གནང་བའི་རྗེས་གྲོས་འཆར་ཆ་ཚང་ཞིག་དགོས་མཁོ་བྱུང་བ་དང་བསྟུན་ཏེ། ཕུགས་ཀྱི་འཆར་སྣང་ཞི་བའི་དོན་ཚན་ལྔ་ཕྱི་ལོ་༡༩༨༧ ལོར་ཨ་རི་གྲོས་ཚོགས་སུ་གསལ་བསྒྲགས་དང༌། དེའི་དོན་ཚན་ལྔ་པའི་རྒྱས་བཤད་དུ་སི་ཏྲས་སྦག་གི་གྲོས་འཆར་ཕྱི་ལོ་༡༩༨༨ ལོར་ཡོ་རོབ་གྲོས་ཚོགས་སུ་གསལ་བསྒྲགས་བསྐྱངས་ཡོད། གྲོས་འཆར་འདི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་རྒྱས་བཤད་དང་པོ་ཡིན་སྟབས། གསལ་བསྒྲགས་མ་གནང་གོང་ཕྱི་ལོ་༡༩༨༨ ཟླ་༦ ཚེས་༦ ནས་ཚེས་༩ བར་ཉིན་བཞིའི་རིང་དྷ་སར་བཀའ་ཤག་དབུ་བཞུགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང༌། གཞུང་ཞབས་རྣམ་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག རང་སྐྱོང་སྡེ་ཚན་ཁག གསར་འབྱོར་བོད་མིའི་འཐུས་ཚབ། དམིགས་བསལ་སྐུ་མགྲོན་རྣམ་པ་བཅས་བཙན་བྱོལ་མང་ཚོགས་ཀྱི་སྐུ་ཚབ་མཚོན་པའི་དམིགས་བསལ་ཆབ་སྲིད་ཚོགས་ཆེན་ནང་བགྲོ་གླེང་མཐིལ་ཕྱིན་རྗེས་གྲོས་འཆར་དེ་རང་གསལ་བསྒྲགས་གནང་རྒྱུ་སྤྱི་མོས་ཀྱིས་རྒྱབ་གཉེར་གནང་ཡོད། འདི་ནི་བཀའ་སྤྱི་གཉིས་ཙམ་མ་ཟད། མང་ཚོགས་ཀྱི་ངོ་ཚབ་མཚོན་པའི་འཐུས་མི་རྣམས་ནས་ཐད་ཀར་བསམ་ཚུལ་བསྡུས་ཏེ་མང་གཙོའི་བརྒྱུད་ལམ་ནས་གཏན་འབེབས་གནང་བའི་རིམ་པ་དང་པོ་དེ་ཡིན། ཁ ཕྱི་ལོ་༡༩༩༣ ནས་བོད་རྒྱའི་འབྲེལ་ལམ་ཆད་པར་བརྟེན་ཕྱི་ལོ་༡༩༩༥ དང་༡༩༩༦ སོ་སོའི་ྋགོང་ས་མཆོག་གི་གསུམ་དུས་གསུང་འཕྲིན་དུ་འབྱུང་འགྱུར་ལངས་ཕྱོགས་ཇི་དགེ་མང་མོས་ཐག་གཅོད་འོས་བསྡུ་བྱ་དགོས་ཕེབས་པ་བཞིན་བཀའ་སྤྱི་ཐུན་མོང་གིས་མང་མོས་ཐག་གཅོད་འོས་བསྡུའི་སྔོན་འགྲོའི་ལས་རིམ་འགོ་འཛུགས་ཀྱིས་གདམ་བྱ་དོན་ཚན་བཞིའི་ཐོག་བགྲོ་གླེང་སོགས་བྱེད་སྐབས་བོད་མི་གཞིས་བྱེས་མང་ཚོགས་ཀྱི་བསམ་ཚུལ་བརྒྱ་ཆ་༦༤ བརྒལ་བས་མང་མོས་ཐག་གཅོད་འོས་བསྡུ་མ་དགོས་པར་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཛིན་ནམ། ྋགོང་ས་ྋསྐྱབས་མགོན་ཆེན་པོས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་བསྟུན་ཏེ་དུས་ནས་དུས་སུ་ཐག་གཅོད་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུ་དགོས་གསལ་བ་ལྟར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་༡༩༩༧ ཟླ་༩ ཚེས་༡༨ ཉིན་ྋགོང་ས་ཆེན་པོས་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་ལ་གཟིགས་ཏེ་དུས་ནས་དུས་སུ་ཐག་གཅོད་མཛད་གནང་ཡོང་བ་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཐག་གཅོད་གང་གནང་ལ་མང་མོས་ཐག་གཅོད་འོས་བསྡུའི་ལམ་ནས་ཐག་གཅོད་བྱུང་བ་དང་གཅིག་གྱུར་བརྩི་རྒྱུ་ཡིན་པའི་སྤྱི་མོས་གྲོས་ཆོད་བཞག་སྟེ་མང་ཚོགས་ཀྱི་མང་མོས་དང་སྤྱི་ལྷན་གྱི་སྤྱི་མོས་ཀྱི་ཐོག་ནས་ྋགོང་ས་མཆོག་ལ་གསོལ་འདེབས་ཞུས་དོན་ལ་ྋགོང་ས་ཆེན་པོས་ཕྱི་ལོ་༡༩༩༨ ལོའི་གསུམ་དུས་གསུང་འཕྲིན་ནང་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་གནང་རྒྱུའི་ཁྱབ་བསྒྲགས་གནང༌། འདི་ནི་མང་ཚོགས་ཀྱིས་མང་མོས་དང་སྤྱི་ལྷན་གྱིས་སྤྱི་མོས་ཀྱི་ལམ་ནས་མང་གཙོའི་བརྒྱུད་ལམ་གྱི་གཏན་འབེབས་རིམ་པ་གཉིས་པ་དེ་ཡིན། ག ཕྱི་ལོ་༢༠༠༢ ནས་བོད་རྒྱའི་ཐད་འབྲེལ་བསྐྱར་གསོའི་རྗེས་འབྲེལ་མོལ་ཐེངས་བདུན་གནང་ཡང་རྩ་དོན་ཐོག་གྲུབ་འབྲས་མ་བྱུང་ཁར། ཕྱི་ལོ་༢༠༠༨ ལོར་བོད་ས་ཡོངས་སུ་ཞི་རྒོལ་བྱུང་བ་དང༌། བཙན་བྱོལ་སྤྱི་ཚོགས་སུའང་ཛ་དྲག་གི་ཚོར་སྣང་བྱུང་བ་བཅས་ལ་གཟིགས་ཏེ་སླར་ཡང་ཕྱི་ལོ་༢༠༠༨ ཟླ་༡༡ ཚེས་༡༧ ནས་ཚེས་༢༢ བར་ཉིན་དྲུག་རིང་དྷ་སར་བཅའ་ཁྲིམས་དོན་ཚན་ང་དགུ་པའི་ཆ་རྐྱེན་འོག་དམིགས་བསལ་ཚོགས་ཆེན་བསྐྱངས་པར་བོད་མི་གནས་ཡུལ་ཡོངས་ནས་མང་ཚོགས་ཀྱི་ངོ་ཚབ་མཚོན་ངེས་ཀྱི་ཚོགས་མི་༦༠༠ མ་ཟིན་ཙམ་དང༌། ཚོགས་མི་སོ་སོའི་ཡོང་ཁུངས་མང་ཚོགས་ཀྱི་བསམ་ཚུལ་ཡིག་ཐོག་ཏུ་ཕུལ་བ། གཞིས་བཞུགས་བོད་མིའི་ཁྲོད་ནས་བསམ་འཆར་བསྡུ་ལེན་བྱས་པ་བཅས་ཁྱོན་བསམ་ཚུལ་བརྒྱ་ཆ་བརྒྱད་ཅུ་བརྒལ་བའི་ཚད་མཐོའི་མང་མོས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཞུས། འདི་ནི་མང་ཚོགས་ཀྱིས་ཐད་ཀར་མང་གཙོའི་བརྒྱུད་ལམ་གྱི་གཏན་འབེབས་རིམ་པ་གསུམ་པ་དེ་ཡིན། ང དེ་བཞིན་ཕྱི་ལོ་༢༠༡༠ ཟླ་༣ ཚེས་༢༠ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་གསུང་འཕྲིན་ལ་ཐུགས་རྗེ་ཆེ་ཞུའི་གྲོས་འཆར་ཐོག་བགྲོ་གླེང་དང་གསན་ཞིབ་རྗེས་སླར་ཡང་སྤྱི་མོས་གྲོས་ཆོད་ཀྱི་ལམ་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་ཡོད། འདི་ནི་མང་གཙོའི་བརྒྱུད་ལམ་གྱི་གཏན་འབེབས་རིམ་པ་བཞི་པ་དང་གསར་ཤོས་དེ་ཡིན། དེ་ལྟར་ཕྱི་ལོ་༡༩༧༤ ནས་བཟུང་ཕྱི་ལོ་༢༠༡༠

Read More »

དབུ་མའི་ལམ་གྱི་སྲིད་བྱུས་དང་། དེའི་བསྒྲུབ་བྱ་དང་ཐབས་ལམ་སྐོར། ཚན་པ་གཉིས་པ།

སློབ་དཔོན་ཟམ་གདོང་རིན་པོ་མཆོག ༄༅།། ད་ལྟ་ཚོགས་ཐེངས་འདིའི་བརྗོད་གཞི་ནི་དབུ་མའི་ལམ་གྱི་སྲིད་བྱུས་དང་།  དེའི་བསྒྲུབ་བྱ་དང་ཐབས་ལམ་ཞེས་པའི་སྐོར་རེད་འདུག དབུ་མའི་ལམ་ལ་ལེགས་སྦྱར་གྱི་སྐད་དུ་མདྷྱ་མཱརྒ་ཞེས་ཡོང་གི་ཡོད། དབུ་མའི་ལམ་ཞེས་པའི་ཐ་སྙད་དེ་སངས་རྒྱས་འཇིག་རྟེན་ནང་བྱོན་ནས་གསར་དུ་བྱུང་བ་ཞིག་མ་རེད་ཅེས་ངས་གོང་དུ་ཞུས་ཟིན། དེ་སྔ་ནས་རིག་བྱེད་ཀྱི་གཞུང་ནང་དབུ་མའི་ལམ་ཟེར་བའི་ཚིག་དེ་བེད་སྤྱོད་བཏང་ཡོད། ཡིན་ནའང་ཆོས་བརྒྱུད་གཅིག་གི་གལ་གནད་ཆེ་བའི་ལྟ་གྲུབ་ཀྱི་ཚིག་གི་ངོ་བོར་བེད་སྤྱོད་མང་པོ་བྱེད་རྒྱུ་དེ་སངས་རྒྱས་ཀྱི་བསྟན་པ་དར་བ་ནས་བྱུང་བ་ཞིག་རེད། དབུ་མ་ཟེར་བ་ནི་མཐའ་གཉིས་དང་བྲལ་བ་ཞེས་ཚིག་གི་གོ་དོན་དེ་རང་རེད། ནམ་རྒྱུན་མང་ཆེ་བ་མཐའ་གཉིས་དང་བྲལ་བ་ཞེས་བརྗོད་ཀྱང་། མཐའ་བཞིའམ་མཐའ་བརྒྱད་དང་བྲལ་བ་སོགས་སྣ་ཚོགས་ཡོང་སྲིད། ཡིན་ནའང་མཐའ་དེ་དག་ལས་འདས་པའི་དཀྱིལ་ལ་དབུས་ཞེས་བརྗོད་ཀྱི་རེད། དེ་ལྟ་བུའི་ལམ་ལ་དབུ་མའི་ལམ་ཞེས་སྨྲ། འོན་ཀྱང་དེང་སང་རྒྱུན་ལྡན་བེད་སྤྱོད་ནང་དབུ་མའི་ལམ་དེ་ལྟ་བ་ལ་བེད་སྤྱོད་བྱེད་པ་མ་གཏོགས། སྤྱོད་པ་དང་སྒོམ་པ་ལ་བེད་སྤྱོད་བྱེད་པ་ཉུང་བ་ལྟ་བུ་རེད། ཡིན་ནའང་སངས་རྒྱས་ཀྱིས་དབུ་མའི་ལམ་ཐོག་མར་བཀའ་གནང་བ་དེ་སྤྱོད་པའི་དོན་དུ་ཡིན་པ་ལས། ལྟ་བ་དང་སྒོམ་པའི་དོན་དུ་མ་རེད། དེ་གནང་དགོས་པའི་རྒྱབ་ལྗོངས་དེ་ཕལ་ཆེར་ཚང་མས་མཁྱེན་ཤག་རེད། རྒྱལ་བུ་གཞོན་ནུ་དོན་གྲུབ་རྒྱལ་སྲིད་བཞག་ནས་བྱང་ཆུབ་འཚོལ་དུ་ཕེབས་པའི་རྗེས་སུ་ཡབ་ཟས་གཙང་གིས་དཀའ་ཐུབ་སྤྱོད་ཐུབ་མཁན་གྱི་མི་ལྔ་གཞོན་ནུ་དོན་གྲུབ་ལ་ཞབས་ཕྱི་ཞུ་བའི་དོན་དུ་བཏང་བ་རེད། གཞོན་ནུ་དོན་གྲུབ་ཀྱིས་ཆུ་བོ་ནཻརཉྫནའི་འགྲམ་དུ་ལོ་དྲུག་རིང་དཀའ་བ་སྤྱད་པའི་ཚུལ་མཛད་པའི་སྐབས་སུ་ཟས་རགས་པ་ཧ་ཅང་ཉུང་ཉུང་བསྟེན་ནས་ལོ་དྲུག་བཞུགས་པར་བརྟེན། སྐུ་གཟུགས་ཀྱི་སྐུ་ཤ་ཡོངས་རྫོགས་བསྐམས་ནས་པགས་པ་དང་རུས་པ་རྒྱུས་པའི་དྲྭ་བ་མ་གཏོགས་མཐོང་རྒྱུ་མེད་པ་ཆགས་རུང་བྱང་ཆུབ་མ་བརྙེས་པ་རེད། དེས་ན་ལུས་གདུང་བའི་དཀའ་ཐུབ་རྐྱང་པས་བྱང་ཆུབ་མི་ཐོབ་པར་གཟིགས་པ་རེད། ཞིང་པའི་བུ་མོ་ལེགས་སྐྱེས་མས་འབྲས་ཐུག་ཕུལ་བའི་ཟས་རགས་པ་དེ་གསོལ་ནས་ནཻརཉྫན་ཆུ་བོར་སྐུ་ཁྲུས་མཛད་པ་རེད། དེ་ལྟ་བུའི་ཁམས་ཀྱི་ཟས་རགས་པ་གསོལ་ནས་སྐུ་གཟུགས་གསོས་པར་བརྟེན། ཁོང་གི་མཉམ་དུ་ཡོད་པའི་འཁོར་ལྔ་པོས་གཽཏམ་དཀའ་ཐུབ་ལས་ཉམས་འདུག ཟས་རགས་པ་ལ་ལོངས་སྤྱད་ནས་གང་བྱུང་བྱེད་ཀྱི་འདུག་ཅེས་གཽཏམ་སྤངས་ཏེ་ཝཱ་རཱ་ཎ་སཱིར་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་ཕེབས་པ་རེད། ཁོང་ཚོ་ཕྱིན་ནའང་གཞོན་ནུ་དོན་གྲུབ་ཀྱིས་ཐུགས་སྣང་གང་ཡང་མ་གནང་བར། སྐུ་གཟུགས་ཡག་པོ་གསོས་པའི་རྗེས་སུ་གཞི་ནས་བྱང་ཆུབ་ཤིང་དྲུང་ལ་རྩ་དུར་བ་བཏིང་བ་ལ་བཞུགས་ནས་དགོང་གཅིག་ལ་བདུད་བཞི་བཅོམ་པའི་སངས་རྒྱས་ཀྱི་གོ་འཕང་བརྙེས་པ་རེད། ང་ཚོས་ཡོངས་གྲགས་སུ་སྲོད་ལ་བདུད་བཏུལ། གུང་ལ་མཉམ་པར་བཞག ཐོ་རངས་ལ་ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་བརྙེས་པ་རེད་ཅེས་བཤད་ཀྱི་ཡོད།  ཡིན་ནའང་ཞིབ་ཚགས་པོས་རྟགས་བསལ་གཏང་ན་ཐོ་རངས་དེ་བཞག་ཁག་པོ་རེད། དེ་ནི་ཚེས་ ༡༥ ཐོ་རངས་ཡིན་ནམ། ཡང་ན་ཚེས་ ༡༦ ཐོ་རངས་ཡིན། ཟླ་བ་གཟའ་འཛིན་དང་ཡང་བསྟུན་དགོས། གང་ལྟར་མངོན་པར་རྫོགས་པར་སངས་རྒྱས་ནས་བདུན་ཕྲག་བདུན་རིང་རྡོ་རྗེ་གདན་དུ་བཞུགས་པའི་རྗེས་སུ་ཝཱ་རཱ་ཎ་སཱིར་ཕེབས་པ་རེད། ཆོས་ཀྱི་འཁོར་ལོ་ཐོག་མར་བསྐོར་བའི་དུས་ཚེས་ཀྱང་ང་ཚོ་བོད་པས་བོད་ཟླ་ ༦ ཚེས་ ༤ ལ་རྩིས་པ་དང་། འཕགས་པ་གནས་བརྟན་སྡེ་པས་བོད་ཟླ་ ༦ ཚེས་ ༡༥ ལ་རྩིས་ཀྱི་རེད། བོད་ཟླ་ ༦ ཚེས་ ༡༥ ལ་རྩིས་དགོས་པ་དེ་གང་རེད་ཅེ་ན། ཚེས་ ༣ བར་དུ་བདུན་ཕྲག་བདུན་རིང་བྱང་ཆུབ་ཀྱི་ཤིང་དྲུང་ལ་བཞུགས་པ་རེད། དེའི་ཉིན་གཅིག་གི་རྗེས་སུ་ཝཱ་རཱ་ཎ་སཱིར་ལམ་སེང་ཆོས་འཁོར་བསྐོར་ཐབས་མེད་པ་ལྟ་བུ་ཞིག་རེད། དེར་བརྟེན་ཁོང་ཚོས་ཚེས་ ༡༥ རྩིས་པ་དེ་གཅིག་བྱས་ན་ཡག་པ་མེད་འགྲོ་བསམ་གྱི་འདུག ཡིན་ནའང་འབྲས་སྤུངས་སྒོ་མང་གི་ཡིག་ཆའི་ནང་ཚེས་ ༤། ༥། ༦ གང་དུ་རྩིས་ནའང་འགྲིག་པ་ལྟ་བུ་ཞིག་འདུག དེ་ནི་ཀུན་མཁྱེན་འཇམ་དབྱངས་བཞད་པས་རྡོ་རྗེ་གདན་དང་ཝཱ་རཱ་ཎ་སཱིའི་དབར་ཕེབས་ལམ་དུ་དུས་ཚོད་དགོས་ཀྱི་འདུག་དགོངས་པ་ཡིན་སྲིད། གང་ལྟར་སངས་རྒྱས་ཐག་རེིང་ནས་ཕེབས་པའི་སྐབས་སུ། ལྔ་སྡེས་གཽཏམ་ཉམས་པ། བྱ་བ་མང་བ་དེ་ཡོང་གི་འདུག ང་ཚོས་ཁོང་ལ་གདན་བཏིང་གི་མིན། སྐད་ཆ་བཤད་ཀྱི་མིན་ཞེས་ནང་ཁྲིམས་བཅས་པ་རེད། འོན་ཀྱང་སངས་རྒྱས་ཉེ་འགྲམ་དུ་ཕེབས་པའི་སྐབས་སུ། ཁོང་ཚོའི་ནང་ཁྲིམས་དེ་གནས་མ་ཐུབ་པར། ཁ་ཤས་ཀྱིས་བཞུགས་གདན་བཏིང་བ་དང་། ཁ་ཤས་ཀྱིས་ཞབས་བཀྲུ་རྒྱུའི་ཆུ་ཁྱེར་ཡོང་བ་སོགས་གང་ལྟར་གཟི་བརྗིད་ཀྱིས་མ་བཟོད་པར། ཁོང་ཚོས་ཁྱེད་རང་བཞིན་དང་དབང་པོ་ཧ་ཅང་གསལ་པོ་ཆགས་འདུག བྱང་ཆུབ་བརྙེས་སོང་ངམ། བདེན་པ་མཐོང་ངམ་ཞུས་པར། སངས་རྒྱས་ཀྱིས་མཐོང་བྱུང་གསུངས་པ་རེད། ཁོང་ཚོ་ཧ་ལས་ཏེ་ཟས་རགས་པ་སོགས་འདོད་ཡོན་ལ་བག་མེད་དུ་སྤྱོད་པའི་གང་ཟག་ཅིག་གིས་ཇི་ལྟར་བྱང་ཆུབ་བརྙེས་པ་ཡིན་ནམ་བསམས་པ་རེད། དེ་ནས་སངས་རྒྱས་ཀྱིས་ཁོང་ཚོའི་དྭོགས་པ་སེལ་བའི་ཆེད་དུ་ངལ་ཞིང་དུབ་པའི་མཐའ་ལ་བརྟེན་ནས་ལུས་ཀྱི་གདུང་བ་འབའ་ཞིག་གིས་བྱང་ཆུབ་མི་ཐོབ་པ་དང་། འདོད་པ་བསོད་ཉམས་ཀྱི་མཐའ་ལ་བརྟེན་ནས་འདོད་ཡོན་ལ་བག་མེད་ལོངས་སྤྱོད་ཀྱིས་བྱང་ཆུབ་མི་བརྙེས་ཚུལ་རྒྱས་པར་གསུངས། ཧ་ཅང་རྒྱས་སྤྲོས་ཆེན་པོས་འདོད་ཡོན་ལ་དགོས་མཁོ་ལས་ལྷག་པར་ལོངས་སྤྱོད་པ་དེ་ལ་འདོད་པ་བསོད་ཉམས་ཀྱི་མཐའ་ཟེར། དེ་ལྟར་འདོད་པ་བསོད་ཉམས་ཀྱི་མཐའ་དང་། ངལ་ཞིང་དུབ་པའི་མཐའ་གཉིས་སྤངས་པའི་དབུ་མའི་ལམ་ལ་གནས་ན་བྱང་ཆུབ་ཐོབ་ཚུལ་གསུངས་པ་རེད། དབུ་མའི་ལམ་ཞེས་པའི་ཚིག་དང་པོར་བེད་སྤྱོད་གནང་རྒྱུ་དེ་དེ་ལྟར་བྱུང་འདུག དེ་ནས་ཤེར་ཕྱིན་གྱི་མདོ་སོགས་སུ་དབུ་མའི་ལམ་དེ་ལྟ་བ་ལ་མང་ཆེ་བ་བེད་སྤྱོད་གནང་བ་རེད། དེ་བཞིན་སྒོམ་པ་ལའང་བྱིང་རྒོད་ཀྱི་མཐའ་གཉིས་བྲལ་བའི་སེམས་རྩེ་གཅིག་པ་དེ་ལའང་དབུ་མའི་ལམ་ཞེས་བརྗོད་ན་མ་འགྲིག་པ་གང་ཡང་མེད། ཚོགས་ཐེངས་དང་པོའི་ནང་གི་དྲི་བ་གཅིག་ལ། ནང་པའི་བསྟན་པ་དར་བའི་སྔོན་གྱི་རྒྱ་གར་གྱི་གཞུང་ལུགས་ནང་ཡོད་པའི་དབུ་མའི་ལམ་དེ་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ལ་སྦྱར་གྱི་ཡོད་དམ་ཞེས་བཀའ་འདྲི་གནང་སོང་། གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ལ་སྦྱར་གྱི་ཡོད་ཀྱི་རེད། གང་ལགས་ཤེ་ན། གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་སྐབས་དེ་དུས་ནས་བཤད་ཀྱི་ཡོད། གཞི་དང་ལམ་དང་འབྲས་བུའི་འདོད་ཚུལ་མི་འདྲ་བ་རེད་མ་གཏོགས། གཞི་ལམ་འབྲས་གསུམ་ཞེས་པའི་ཐ་སྙད་དེ་ནང་པའི་སྔོན་གྱི་ཐ་སྙད་ཅིག་རེད། དེ་ནས་ནང་པའི་གྲུབ་མཐའ་སྨྲ་བ་བཞི་དང་། སྡེ་པ་མི་འདྲ་བ་ཧ་ཅང་མང་པོ་བྱུང་ཡང་། ཚང་མས་དབུ་མའི་ལམ་ཁས་ལེན་པ་མ་ཟད། གཞི་ལམ་འབྲས་གསུམ་ལའང་སྦྱར་གྱི་རེད། གང་ལྟར་མཐའ་གཉིས་སྤངས་པའི་དབུས་གཅིག་ལ་དབུ་མ་དང་། དེ་འདྲ་བའི་འགྲུལ་ལམ་ཞིག་ལ་དབུ་མའི་ལམ་ཞེས་བརྗོད། དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་མཐའ་གཉིས་དེ་གང་རེད་ཅེ་ན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས་ཁ་བྲལ་ཏེ་བོད་དེ་རང་བཙན་གཙང་མ་བསྐྱར་གསོ་བྱེད་རྒྱུ་དེ་མཐའ་གཅིག་རེད། ད་ལྟ་བོད་ཀྱི་གནས་བབ་གང་ཡོད་པ་བསྡད་རྒྱུ་དེ་མཐའ་གཉིས་པ་དེ་རེད། མཐའ་ཡིན་ན་རྟག་མཐའ་དང་ཆད་མཐའ་ཡིན་དགོས་ཀྱི་མེད། ལྟ་བ་ལ་སྦྱར་བའི་སྐབས་སུ་རྟག་མཐའ་དང་ཆད་མཐའ་ཟེར་བ་མ་གཏོགས། དབུ་མའི་ལམ་གྱི་གནས་ཚུལ་གཞན་པ་བཤད་པའི་སྐབས་སུ་མཐའ་དེ་ཚོ་མི་འདྲ་བ་རེད། ད་གིན་གོང་དུ་ཞུས་པ་བཞིན། འདོད་པ་བསོད་ཉམས་ཀྱི་མཐའ་དང་། ངལ་ཞིང་དུབ་པའི་མཐའ་དང་པོ་གསུངས་པའི་སྐབས་སུའང་རྟག་མཐའ་དང་ཆད་མཐའི་ཐ་སྙད་སྦྱར་ནས་གསུངས་མེད། གང་ལྟར་མཐའ་གཅིག་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས་ཁ་བྲལ་རང་བཙན་བྱེད་རྒྱུ་དང་། མཐའ་གཞན་པ་དེ་ད་ལྟའི་གནས་བབ་གང་ཡོད་པ་དེའི་ཐོག་བསྡད་རྒྱུ་དེ་རེད། མཐའ་དེ་གཉིས་སྤངས་པའི་དབུས་ལ་གང་ཡོད་ཅེ་ན། བོད་རིགས་ཡོངས་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ཡོད་པའི་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཆ་ཚང་བ་ཞིག་ལྷག་བསམ་རྣམ་དག་གི་ཐོག་ནས་ལག་ལེན་བསྟར་རྒྱུ་དེ་དབུ་མའི་ལམ་རེད། དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་མཐར་ཐུག་གི་བསྒྲུབ་བྱ་དེ་གང་རེད་ཅེ་ན། བོད་རིགས་ཡོངས་རྫོགས་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་བརྒྱ་ཆ་བརྒྱ་ཐམ་པ་ལག་ལེན་དུ་བསྟར་ནས། ང་ཚོའི་མངོན་འདོད་དེ་སྒྲུབ་ཐུབ་པ་བཟོ་རྒྱུ་དེ་རེད། བོད་མི་རིགས་ཀྱི་མཐར་ཐུག་གི་དམིགས་ཡུལ་ནི་འཚེ་བ་མེད་པའི་སྤྱི་ཚོགས་བསྐྲུན་རྒྱུ་དེ་རེད། ༧གོང་ས༧སྐྱབས་མགོན་ཆེན་པོས་ཨ་རི་ལ་གནང་བའི་ཞི་བའི་དོན་ཚན་ལྔ་དེ་མང་ཆེ་བ་མཐར་ཐུག་གི་དམིགས་ཡུལ་སྐོར་བཀའ་གནང་ཡོད། བོད་ཀྱི་སྣོད་དེ་འཚེ་མེད་ཞི་བའི་བསྟི་གནས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་རྭ་བ། དེའི་ནང་གནས་པའི་བཅུད་ཀྱི་སེམས་ཅན་རྣམས་འཚེ་བ་མེད་པའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུ་དེ་རེད། སྤྱིར་བཏང་བོད་ཆོས་ལྡན་ཞིང་ཞེས་གནའ་སྔ་མོ་ནས་འཚེ་བ་མེད་པའི་སྤྱི་ཚོགས་ཤིག་ཡིན་པ་ལྟ་བུ་རེད། བོད་མིའི་སྤྱི་ཚོགས་ནང་འཚེ་བ་མེད་པའི་ལམ་ལ་མཐའ་གཅིག་ཏུ་ཉམས་ལེན་བྱེད་མཁན་བརྒྱ་ཕྲག་སྟོང་ཕྲག་མང་པོ་ཡོད་ཀྱང་། སྤྱི་ཚོགས་སྤྱི་ཡོངས་ཀྱི་ཆ་ནས་འཚེ་བ་མེད་པ་ཞིག་ཆགས་མེད། སྤྱི་ཚོགས་དེ་འཚེ་བའི་རྣམ་པ་མང་པོའི་ཐོག་འགྲོ་བའི་གནས་སྟངས་ཤིག་རེད། དེར་བརྟེན་མ་འོངས་པ་ལ་ཆོས་སྲིད་ཟུང་འབྲེལ་ཡིན་ནའང་རེད། ཆོས་ལྡན་གྱི་ཞིང་ཞེས་དངོས་གནས་མིང་དོན་མཚུངས་པ་ཞིག་ཡོང་དགོས་ན། བོད་པའི་སྤྱི་ཚོགས་དེ་འཚེ་བ་མེད་པའི་སྤྱི་ཚོགས་ཤིག་ལ་བསྒྱུར་རྒྱུ་དང་། དེའི་མཐུན་རྐྱེན་ལྟ་བུར་བོད་ཀྱི་སྣོད་ཀྱི་འཇིག་རྟེན་དེ་འཚེ་བ་དང་བྲལ་བའི་ཞི་བའི་བསྟི་གནས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་རྭ་བ་ལྟ་བུར་བསྒྱུར་རྒྱུ་དེ་ང་ཚོའི་མཐར་ཐུག་གི་དམིགས་ཡུལ་རེད། དེས་ན་དབུ་མའི་ལམ་གྱི་མཐར་ཐུག་གི་དམིགས་ཡུལ་དེ་ཡང་བོད་དེ་འཚེ་བ་མེད་པའི་སྤྱི་ཚོགས་ཤིག་ཏུ་བསྐྲུན་རྒྱུ་དེ་རེད། འདིའི་ནང་གྲུབ་ཆའི་དབྱེ་བ་མང་པོ་ཕྱེ་དགོས་པ་གང་ཡང་མེད། ང་ཚོས་བསྡོམས་བརྒྱབས་ནས་བཤད་ན། མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཡོངས་སུ་རྫོགས་པ་ཞིག་ཡོང་དགོས་པ་དེའི་ནང་སྲིད་དོན་དང་། དཔལ་འབྱོར། ཤེས་ཡོན། འཕྲོད་བསྟེན། ཆོས་ལུགས། ལེགས་བྱང་། སྐད་ཡིག་བཅས་ཚང་མ་ཚུད་ཡོད། མི་རིགས་ས་གནས་རང་སྐྱོང་ཟེར་བ་དེའི་ནང་མ་འདུས་པའི་གནས་ཚུལ་གཅིག་ཀྱང་ལྷག་གི་མེད། མི་རིགས་ས་གནས་རང་སྐྱོང་གི་ལྟ་གྲུབ་ཐོག་མར་ཡོང་ས་དེ་ཀཱལ་མ་ཁ་སིའི་ (Karl Marx) སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་ནས་བྱུང་བ་རེད།  ཀཱལ་མ་ཁ་སིས་མ་ཁ་སིའི་རིང་ལུགས་ (Marxism) སྲོལ་འབྱེད་པའི་སྐབས་སུ་ནུབ་ཕྱོགས་ཀྱི་ལུང་པ་མང་པོའི་ནང་གྲངས་ཉུང་མི་རིགས་ཀྱི་ཐོག་ལ་གཉའ་གནོན་བཤུ་གཞོག་ཧ་ཅང་མང་པོ་རེད། དེའི་དབང་གིས་མི་རིགས་འཐབ་རྩོད་དེ་ཧ་ཅང་ཤུགས་ཆེན་པོ་རེད། དེ་ལ་བརྟེན་ནས་མི་རིགས་ཁ་བྲལ་མང་པོ་འགྲོ་གི་ཡོད། དེ་ལྟར་བཀས་བཀོད་རྒྱུན་འཛིན་རིང་ལུགས་དང་། ས་བདག་གྲལ་རིམ་རིང་ལུགས་ལ་སོགས་པ་དེ་ཚོའི་འོག་ཏུ་གྲལ་རིམ་གྱི་གཉའ་གནོན་ཙམ་དུ་མ་ཟད། མི་རིགས་ཀྱི་གཉའ་གནོན་ཡང་ཡོད་པ་མཐོང་བ་རེད། གང་ལྟར་མི་རིགས་སྤྱི་དང་། ཁྱད་པར་དུ་གྲངས་ཉུང་མི་རིགས་ཀྱི་ཐོག་ལ་གཉའ་གནོན་བཤུ་གཞོག་དང་། གྲངས་ཉུང་མི་རིགས་དེ་གྲངས་མང་མི་རིགས་ནང་སིམ་དུ་འཇུག་རྒྱུ་བཅས་རེད། སིམ་དུ་འཇུག་པ་ཟེར་བ་ནི་ཆུའི་ནང་དུ་མངར་མོ་བླུགས་པ་ཆུ་དང་འདྲེས་འགྲོ་བ་ལྟར་གྲངས་ཉུང་མི་རིགས་འདི་རེད་ཅེས་ལོགས་སུ་ངོས་འཛིན་བྱེད་རྒྱུ་མེད་པ་གྲངས་མང་མི་རིགས་ནང་སིམ་སྟེ་ཡལ་འགྲོ་བ་དེ་རེད། ཨིན་སྐད་དུ་ assimilation ཞེས་བརྗོད། སིམ་པའི་སྲིད་བྱུས་ (Policy of assimilation) ནི་མི་རིགས་རྩ་མེད་གཏང་རྒྱུའམ། ཡང་ན་མི་རིགས་ཁ་བྲལ་གཏོང་རྒྱུའི་གནས་སྟངས་ཤིག་རེད། གལ་ཏེ་མི་རིགས་མང་པོ་ཡོད་པའི་རྒྱལ་ཁབ་གཅིག་འཛིན་སྐྱོང་བྱེད་དགོས་ན། དང་པོ་དེར་མི་རིགས་འདྲ་མཉམ་དགོས་ཀྱི་རེད། མི་རིགས་འདྲ་མཉམ་བྱུང་ན་མི་རིགས་མཐུན་སྒྲིལ་ཡོང་གི་རེད་ཅེས་ལྟ་གྲུབ་དེ་རེད། མི་རིགས་འདྲ་མཉམ་ཇི་ལྟར་ཡོང་གི་རེད་ཅེ་ན། དེ་ལ་སྤང་བྱ་གཉིས་རེད། དེ་ནི་མི་རིགས་ཆེན་པོའི་རིང་ལུགས་དང་། ས་གནས་མི་རིགས་རིང་ལུགས་སྤང་རྒྱུ་དེ་རེད། མི་རིགས་ཆེན་པོའི་རིང་ལུགས་ཟེར་བ་དེ་བོད་སྐད་ནང་ཤུགས་ཆེན་པོ་ཐོན་གྱི་མི་འདུག ཨིན་སྐད་དུ་ཧ་ཅང་ཤུགས་ཆེན་པོ་རེད། དེ་ལ་ Chauvinism ཟེར། རྒྱ་མི་རིགས་མང་ཆེ་བ་དེ་ཧན་ (Han) མི་རིགས་རེད།  མི་རིགས་ཆེན་པོ་དེས་སྤོབས་པ་དང་ང་རྒྱལ་ཆེན་པོ་བྱས་ནས་མི་རིགས་གཞན་ལ་གཉའ་གནོན་བྱེད་པ་དེ་ལ་ Han Chauvinism དང་ Han Hegemony ཟེར་བའི་ཚིག་གཉིས་པོ་དེ་བེད་སྤྱོད་བྱེད་ཀྱི་རེད། དེར་བརྟེན་དེ་སྤང་དགོས་ཞེས་བརྗོད་ཀྱི་ཡོད། ད་ལྟ་ཁོང་ཚོས་དེ་སྤང་རྒྱུའི་ཚབ་ཏུ་ད་དུང་ཡར་རྒྱས་དང་གོང་འཕེལ་གཏོང་གི་ཡོད། ས་གནས་མི་རིགས་རིང་ལུགས་ཟེར་ན་ས་གནས་ཀྱི་མི་རིགས་ཀྱིས་རིགས་ཞེན་བྱས་ནས་མི་རིགས་ཆེན་པོའི་མཉམ་དུ་མཐུན་སྒྲིལ་མེད་པར་ལོགས་སུ་བསྡད་རྒྱུ་དེ་ལ་བརྗོད། དེ་གཉིས་སྤང་ཐུབ་ན་མི་རིགས་འདྲ་མཉམ་དང་མི་རིགས་མཐུན་སྒྲིལ་ཟེར་བ་ཡོང་གི་རེད་ཅེས་བཤད་ཀྱི་ཡོད། དེས་ན་དེ་འདྲའི་མི་རིགས་འདྲ་མཉམ་དང་མི་རིགས་མཐུན་སྒྲིལ་ཡོང་བ་དང་། ས་གནས་མི་རིགས་ཀྱི་རིང་ལུགས་སྤང་ཐུབ་པའི་ཆེད་དུ་གྲངས་ཉུང་མི་རིགས་ལ་མི་རིགས་ཀྱི་རང་སྐྱོང་སྤྲད་པ་ཙམ་དུ་མ་ཟད། མི་རིགས་གནས་ཡུལ་གྱི་ས་གནས་ལའང་རང་སྐྱོང་སྤྲད་དགོས་ཀྱི་ཡོད། རྒྱ་ནག་གི་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་དོན་ཚན་ ༡༡༢ ནས་ ༡༢༢

Read More »

༄༅། །དབུ་མའི་ལམ་གྱི་སྲིས་བྱུས་ཀྱི་ངོ་བོ་དང་བྱུང་རིམ་གྲུབ་འབྲས་བཅས་ཀྱི་ངོ་སྤྲོད་དང་། དེ་འབྲེལ་གསུང་བཤད་དང་གལ་ཆེའི་ཡིག་ཆ་ཁག་ཅིག་ཕྱོགས་སྒྲིག

སྔོན་གླེང་། ༄༅། ། ཕྱི་ལོ་༡༩༤༩ལོར་རྒྱ་ནག་ཏུ་དམར་ཤོག་གི་གཅིག་སྡུད་དབང་འཛིན་རིང་ལུགས་བྱུང་འཕྲལ་བོད་དུ་དྲག་དམག་གིས་བཙན་འཛུལ་དང་། མཐའ་དོན་མང་སྣེ་ཉུང་གིས་མ་བརྟེན་པར་ཕྱི་ལོ་༡༩༥༡ལོར་གྲོས་མཐུན་དོན་ཚན་བཅུ་བདུན་བརྒྱུད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་འོག་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ངོས་ལེན་བྱ་དགོས་བྱུང་ཞིང་། ༧གོང་ས་མཆོག་དང་བོད་ས་གནས་གཞུང་གིས་ལྷག་བསམ་རྣམ་དག་གིས་གྲོས་མཐུན་གཞི་བཟུང་རང་སྐྱོང་གནས་བབ་ཅིག་ཡོང་ཐབས་འབད་བརྩོན་ཡོད་རྒུ་རྩལ་སྤྲུགས་གནང་རུང་དོན་ཕན་མ་བྱུང་བར། ཕྱི་ལོ་༡༩༥༩ལོར་བོད་གཞུང་མང་འུ་ཐུག་ཐབས་ཟད་ཀྱིས་ཞི་བའི་གྱེན་ལངས་དང་། ྋགོང་ས་མཆོག་གིས་དབུས་གཞུང་མང་བཙན་བྱོལ་དུ་ཕེབས་དགོས་བྱུང་སྟེ་ལོ་ཤས་རིང་རང་བཙན་བསྐྱར་གསོའི་ཐབས་བྱུས་གནང་རུང་། རིམ་བཞིན་རྒྱལ་སྤྱི་དང་རྒྱལ་ནང་གཉིས་ཀའི་དངོས་ཡོད་གནས་ཚུལ་དང་མཐུན་པའི་སྲིད་བྱུས་ཤིག་མ་བཟུང་ཐབས་མེད་གྱུར་སྟབས། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་ལམ་སྟོན་འོག་བཙན་བྱོལ་བོད་གཞུང་བཀའ་ཤག་དང་སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་སོགས་མང་གཙོའི་སྒྲིག་འཛུགས་ཀྱི་གྲོས་ལ་དབང་བ་རྣམས་དང་དགོངས་དཔྱད་བཀའ་བསྡུར་རིམ་གནང་རྗེས། ཕྱི་ལོ་༡༩༧༤ལོར་རང་བཙན་བསྐྱར་གསོའི་ཚབ་ཏུ་ཆོལ་གསུམ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཞིག་ཡོང་ཐབས་གནང་རྒྱུའི་མཛད་བྱུས་གཏན་འབེབས་བྱུང་བ་དེ་ལ་རྗེས་སུ་དབུ་མའི་ལམ་གྱི་སྲིད་བྱུས་ཞེས་རྒྱལ་སྤྱིའི་ནང་ཡོངས་གྲགས་སུ་གྱུར་པ་དང་། ཕྱི་ལོ་༡༩༧༩ལོར་རྒྱ་གཞུང་གི་ཆེས་མཐོའི་དབུ་ཁྲིད་དེང་ཞའོ་ཕིང་གིས་༧གོང་ས་མཆོག་ལ་འབྲེལ་མོལ་གྱི་གྲོས་འཆར་འདོན་སྐབས་རང་ཕྱོགས་ནས་ཐག་གཅོད་སྔར་ཡོད་ལ་བརྟེན་ལམ་འཕྲལ་བཀའ་ལན་གནང་བདེ་བྱུང་ཡོད། དེ་ནས་བཟུང་ད་བར་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ནང་དོན་ཞིབ་ཆ་ལ་འགྱུར་འགྲོས་ཅི་རིགས་སོང་ཡང་སྤྱི་སྒྲོམ་ཁ་བྲལ་མི་རྩོད་ཅིང་། ད་ལྟའི་གནས་བབ་ལ་འགྱུར་བ་དགོས་པའི་བཞེངས་ཕྱོགས་དེར་གཞིས་བྱེས་བོད་མི་མང་ཚོགས་དང་། གྲོས་ཚོགས་ནས་མང་མོས་སྤྱི་མོས་ཀྱི་རྒྱབ་སྐྱོར་རིམ་བྱུང་ལྟར་འགྱུར་མེད་བརྟན་བཟུང་མཛད་པར་བརྟེན། རྒྱལ་སྤྱི་དང་རྒྱ་ནག་མང་ཚོགས་ནས་རྒྱབ་སྐྱོར་ཤུགས་ཆེ་ཐོབ་པ་སོགས་དགེ་མཚན་རླབས་ཆེན་བྱུང་ཡོད་གཤིས། ྋགོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་དང་། མང་ཚོགས་ཀྱི་རྣམ་དཔྱོད་ལ་ཡིད་རང་བསྔགས་བརྗོད་བྱེད་ཀྱི་ཡོད། འོན་ཀྱང་བར་སྐབས་ཀྱི་འགྱུར་འགྲོས་འགའ་ཤས་གསལ་རྟོགས་མེད་མཁན་ཉུང་ཤས་ཡོད་ཁར། འགའ་རེས་གསལ་རྟོགས་མེད་ཁུལ་དུ་རྫུས་པ་སོགས་ཅི་རིགས་ལ་བརྟེན་མང་ཚོགས་སུ་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་སྒྲོ་བཀུར་དང་འཁྱོག་བཤད། ཐེ་ཚོམ་སོགས་ཇི་སྙེད་ཅིག་བྱུང་ཡོད་པ་རྣམས་༧གོང་ས་མཆོག་དང་བཀའ་ཤག་གིས་འགྲེལ་བརྗོད་སྔ་རྗེས་དང་། གྲོས་ཚོགས་ཀྱི་ལས་རིམ་སོགས་ནས་གསལ་བཀྲོལ་ཟིན་པ་དེ་ལྟར་ཡང་། ད་དུང་གལ་ཆེ་ནན་དཔེར་གལ་ཆེའི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་དང་བྱུང་རིམ། ཞིབ་གནས་འགྱུར་འགྲོས་བཅས་མང་ཚོགས་ཀྱིས་གོ་རྟོགས་སྒྲོ་འདོགས་ཆོད་ངེས་ཤིག་ཡོང་ཐབས་སུ་བཀའ་ཤག་གིས་༼དབུ་མའི་ལམ་གྱི་སྲིད་བྱུས་བོདང་བྱུང་རིམ་གྲུབ་འབྲས་བཅས་ངོ་བྦོད། ༽ཅེས་པའི་འགྲེལ་བརྗོད་ཡིག་ཆ་དང་། དེ་མཉམ་འབྲེལ་ཡོད་གསུང་བཤད་དང་གལ་ཆེའི་ཡིག་ཆ་ཁག་ཅིག་ཕྱོགས་སྒྲིག་གིས་པར་བསྐྲུན་ཞུས་ཡོད། ཡིག་ཆ་འདིས་བོད་མིའི་སྤྱི་ཚོགས་ཁྲོད་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་གནད་དོན་ངོ་མ་གོ་རྟོགས་དང་། དེ་ལ་བརྟེན་ནས་སྲིད་བྱུས་འདི་ལ་རྒྱབ་སྐྱོར་དང་དགག་བྱ་གནང་མཁན་སུ་ཡིན་རུང་མུན་ནག་མདའ་འཕེན་ལྟ་བུ་མ་ཡིན་པར་དངོས་དོན་རྟོགས་པའི་ཐོག་ནས་རྒྱབ་སྐྱོར་རམ་དགག་བྱ་གནང་ཐུབ་པའི་རེ་བ་དང་བཅས། བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༥ ལ།།།།

Read More »

ཉེ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་དང་ལྷ་སྲས་རྒྱལ་ལོ་དོན་གྲུབ།

རྩོམ་པ་པོ། ཤེས་རབ་དར་རྒྱས། དཔར་ལོ། 2020 དཔེ་དེབ་ངོ་སྤྲོད། གསར་དུ་དབུ་འབྱེད་གནང་བའི་<<ཡོ་བ་བསྲངས་ཤིང་གབ་པ་ཕྱུང་བའི་ཉེ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་དང་ལྷ་སྲས་རྒྱལ་ལོ་དོན་གྲུབ་>>ཅེས་པར་ཁྱོན་སྡོམ་ལེའུ་ཚན་ ༨༢ དང་། ཤོག་གྲངས་ ༡༢༠༠ ལྷག་འདུག་ཅིང་། དེའི་ནང་༧པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་ (ཕྱི་ལོ་ ༡༧༣༨-༡༧༨༠) མཆོག་གི་སྐུ་དུས་སུ་དབྱིན་ཇིས་བཀྲ་ཤིས་ལྷུན་པོའི་ཕྱོགས་སུ་ཐོག་མར་འབྲེལ་བ་བྱས་པ་ནས་བཟུང་། བལ་ཡུལ་གློ་སྒྲིག་འཛུགས་ཀྱི་དུས་སྐབས་བར་གྱི་དོན་རྐྱེན་གཙོ་བོ་ཁག་དང་། དུས་སྐབས་དེ་དག་གི་ཆིངས་ཡིག་དང་བཀའ་རྒྱ་རྣམས་འདུས་པར་བྱས་ཏེ་བརྩམས་པ་ཞིག་རེད་འདུག རྩོམ་པོ་ཤེས་རབ་དར་རྒྱས་ནི་ཕྱི་ལོ་༡༩༦༧ ལོར་མདོ་སྨད་མཚོ་སྔོན་གཅན་ཚ་རྫོང་གི་ཁོངས་གཏོགས་ཧོར་ཞེས་པའི་སྡེ་བར་ཕ་བློ་རྒན་དང་། མ་འཕགས་མོ་ཐར་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། ལོ་བདུན་ལ་སོན་པ་ནས་སློབ་གྲྭའི་སྒོ་ཐེམ་འགྲིམས་ཏེ་མཐར་གཅན་ཚ་མི་རིགས་སློབ་འབྲིང་དུ་ཞུགས། ཕྱི་ལོ་༡༩༨༥ ལོར་སྡི་ཚ་རི་ཁྲོད་བཀྲ་ཤིས་ཆོས་སྡིངས་ཞེས་བྱ་བའི་རི་ཁྲོད་པའི་དགོན་པ་ཆེན་པོ་དེར་བསྐྱོད། བསྡུས་ཚད་ཀྱི་གཞུང་ལ་སྦྱངས། བརྡ་དག་དང་རྩོམ་རིག་སོགས་ལ་ཞོར་སྦྱོང་གནང་། ཕྱི་ལོ་༡༩༨༨ ལོར་རྒྱ་གར་ལ་བྲོས་བྱོལ་གྱིས་བཞུགས་སྒར་རྡ་རམ་ས་ལ་དང་། ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས་ཏེ་སློབ་གཉེར་གྱི་འཕྲོ་བསྐྱངས། སློབ་ཞོར་དུ་དགེ་རྒན་དང་དུས་དེབ་ཀྱི་རྩོམ་སྒྲིག་པའི་ལས་དོན་ཡང་བསྒྲུབས། ཕྱི་ལོ་༢༠༠༠ ལོར་ཨ་རིར་ཕེབས་ཏེ་ནུབ་ཕྱོགས་ཀྱི་རིག་གཞུང་དང་བསམ་བློ། གོམས་སྲོལ་སོགས་ལ་དོ་སྣང་ཆེས་ཆེར་གནང་། “ནུབ་ཕྱོགས་འགྲིམས་པའི་གཏམ་” ཞེས་བྱ་བ་དེབ་གསུམ་དང་། “དུས་འཁོར་རྒྱུད་འགྲེལ་འཆད་ཐབས་རིགས་ལྡན་བླ་མ་མཉེས་པའི་མཆོད་ཡོན་” སོགས་ཕྱག་དཔེ་མང་པོ་བྲིས་ཤིང་། ལྷག་པར་དུ་ “ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བ་” ཞེས་བྱ་བའི་དཔེ་དེབ་བོད་བསྒྱུར་ཞུས། ད་བར་ཁོང་གིས་བྲིས་བསྒྲིགས་བསྒྱུར་གསུམ་བྱས་པ་བསྡོམས་ན་དེབ་གྲངས་༢༠ ཡོད་འདུག ། ཉེ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས། སྟོད་ཆ། ཉེ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས། སྨད་ཆ།

Read More »

དབུ་མའི་ལམ་གྱི་ཐོག་བོད་རིགས་གཞོན་སྐྱེས་བསམ་བློ་བའི་ཚོགས་འདུ་ཐེངས་གསུམ་པ།

༄༅།།རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ངོས་ནས་ལོ་ལྟར་༼དབུ་མའི་ལམ་གྱི་ཐོག་བོད་རིགས་གཞོན་སྐྱེས་བསམ་བློ་བའི་ཚོགས་འདུ༽ཞེས། ཚོགས་སྡེ་འདྲ་མིན་དང་མཐོ་སློབ་ཁག་ནས་ན་གཞོན་བསྡུ་བསྐོང་གིས་ཚོགས་འདུ་འཚོགས་བཞིན་པ་ལྟར་འདི་ལོར་སྤྱི་ཟླ་ ༩ ཚེས་ ༡༨ དང་ ༡༩ ཉིན་གཉིས་རིང་རྡ་སྟེང་བོད་ཁྱིམ་ཞི་བདེ་གླེང་མོལ་ཁང་དུ་ཚོགས་གཏན་འཁེལ་ཡོད་པ་བཞིན། ཐེངས་འདིའི་ཚོགས་འདུའི་སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་། བོད་ཁྱིམ་སློབ་གྲྭའི་སྤྱི་ཁྱབ་དབུ་འཛིན་རྒན་བསོད་ནམས་སྲི་གཅོད་མཆོག་རྣམ་གཉིས་དང་། ཚོགས་འདུ་དངོས་གཞིའི་སྐབས་ན་གཞོན་རྣམས་ལ་བཀའ་སློབ་གསུང་བཤད་གནང་མཁན་གྱི་མཁྱེན་དཔྱོངས་ཡངས་པའི་མི་སྣ་བཞི་ནི། དང་པོ། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག གཉིས་པ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན། སྐུ་ངོ་ཟླ་བ་ཚེ་རིང་མཆོག གསུམ་པ། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དང་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་འཕར་། སྐུ་ངོ་བསྟན་འཛིན་ལེགས་བཤད་མཆོག བཞི་པ། ཉམས་ཞིབ་པ་ཤེས་རབ་དར་རྒྱས་མཆོག་བཅས་སུ་གཏན་འཁེལ་བྱུང་བའི་གསལ་བསྒྲགས་སུ།

གསལ་བསྒྲགས།

༄༅། །མཚུངས་མེད་རྒྱ་བལ་འབྲུག་གསུམ་གྱི་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ས་གནས་རྒྱུན་ལས་ལྷན་རྒྱས་དང་། འབྲེལ་མཐུད་པ་རྣམ་པ། མཐོ་རིམ་སློབ་གཉེར་བ། སེར་སྐྱ་མི་མང་ལྷན་རྒྱས་ཀྱི་སྙན་ལམ་དུ། ཞུ་གསོལ། དེ་ནས་དགོངས་པར་མངའ་གསལ་ལྟར་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་བཅུ་དགུ་ (Covid19) འཛམ་གླིང་ཁྱོན་ཡོངས་ལ་ཁྱབ་གདལ་གྱིས་འགྲོ་བ་མི་སྤྱི་ཡོངས་ལ་གསབ་ཏུ་མེད་པའི་གོད་ཆགས་ཀྱིས། ལས་དོན་སྤྱིར་ཕྱིར་བཤོལ་དང་དུས་འགྱངས་སོགས་ངང་གིས་བྱུང་དང་འབྱུང་བཞིན་པ་ལྟར། རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ཚོགས་ཆེན་ཐེངས་དང་པོའི་སྐབས་ཀྱི་གྲོས་ཆོད་གཞིར་བཟུང་སྐབས་འདིའི་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་ཆེན་ཡང་སྔ་ལོའི་ནང་འཚོག་དགོས་ངེས་ཀྱང་། གནས་སྟངས་དེ་ལྟའི་དབང་གིས་འདི་ལོའི་ནང་མ་གཏོགས་འཚོག་སྐོང་ཐུབ་ཐབས་མ་བྱུང་གཤིས། འདི་ལོའི་ཕྱི་ཟླ་ ༤ ཚེས་ ༣ དང་། ༤། ༥ ཉིན་གསུམ་རིང་། བོད་ཀྱི་ཟློས་གར་དུ་འཚོག་གཏན་འཁེལ་སོང་ན། ས་གནས་ཁག་ནས་ཚོགས་གཙོ་བགྲེས་གཞོན་རྒྱུན་ལས་ཉུང་མཐར་གསུམ་རེས་ལས་བསྡོམས་མཉམ་ཕེབས་དང་། འབྲེལ་མཐུད་པ་རྣམ་པ་དུས་ཐོག་ཆུ་ཚོད་ ༧༢ ནང་ཚུན་ཏོག་ནད་བརྟག་དཔྱད་གྱིས་བདེ་ཐང་ཡིན་པའི་ཕྱག་འཁྱེར་དང་མཉམ་ལྷན་འཛོམས་གནང་རེ་དང་། དེ་མིན་མཐོ་རིམ་སློབ་གཉེར་བ་དང་དོན་གཉེར་ཅན་གྱི་སེར་སྐྱ་མི་མང་ཚོགས་ཆེན་གྱི་ཉིན་བཅོ་ལྔའི་སྔ་རོལ་དུ་ཐོ་འགོད་སླེབས་སྔ་འབྱོར་ལ་གཞིགས་ཏེ་མཚན་ཐོ་ལེན་རྒྱུ་ཡིན་ན། དེ་དོན་དགོངས་འཇགས་ཞུ།། ཕྱི་ལོ་ ༢༠༢༢ ཕྱི་ཟླ་ ༢ ཚེས་ ༡༦ ལ། རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་ནས།

Recent Comments